ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས13ཉིན་པེ་ཅིང་ནས་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་སློབ་གསོ་པུའུ་ཡི་པུའུ་ཀྲང་རོན་ཀྲུང་དབྱི་ཡིས་འགོ་ཁྲིད་པའི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་གི་ཟླ12པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དུས་རབས་གསར་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་གསར་པ་གཏན་ཁེལ་གསལ་བོ་བྱས། ཀྲུང་གོ་དང་ཡོ་ནན་ཕྱོགས་གཉིས་ཀྱིས་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིའི་འཐབ་ཇུས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་བྱས་རྗེས་འཇོག་འདོད་ཡོད།
རོན་ཀྲུང་དབྱི་ཡིས་བཤད་རྒྱུར། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོས་ཡོ་ནན་གྱི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ཐད་རྒྱབ་སྐྱོར་རྩ་ཆེན་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། བློ་མཐུན་དང་སྤུན་ཟླ་དང་དམིགས་བསལ་གྱི་རྩ་དོན་གཞིར་བཟུང་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ནན་དང་ཀྲུང་གོའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཡོ་ནན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་པ་དང་། རྣམ་པ་གང་རུང་གི་ཐའེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད།
ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།