ས་དེའི་དུས་ཚོད་ཟླ6པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧོས་ལིན་ཏུན་ཙུང་ཏུའུ་བཞུགས་ཤག་ཏུ་ནུའེ་ཙི་ལན་གྱི་ཙུང་ཏུའུ་ཅི་ལའོ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཙུང་ཏུའུ་ཅི་ལའོ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་མཛད། ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནུའེ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ52འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཡུན་རིང་གསར་སྒྱུར་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བས་ཡུན་རིང་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད། ངས་ད་ཐེངས་འཚམས་འདྲི་བྱས་པ་འདི་ཀྲུང་གོ་དང་ནུའེ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10འགོར་བའི་སྐབས་དང་འཁེལ་ཞིང་། མཛའ་བརྩེ་དང་མཉམ་ལས་མཚོན་པའི་བགྲུལ་བཞུད་ཐེངས་ཤིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནུའེ་ཙི་ལན་དང་མཉམ་དུ་ལག་རྡང་མཉམ་སྦྲེལ་གྱིས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ནུའེ་ཙི་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རིམ་སྤོར་བྱས་ནས། རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་གི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནུའེ་ཙི་ལན་གྱི་འཕེལ་རྒྱས་འདུ་ཤེས་གཅིག་མཚུངས་ཡིན་ལ། རིག་གནས་རིན་ཐང་གཅིག་འབྲེལ་དང་རྒྱལ་སྤྱིའི་གཙོ་དོན་གཅིག་འདྲ་ཡིན་པས། ལོ་མང་པོའི་རིང་ལ་ཕན་ཚུན་གྱི་འཕེལ་རྒྱས་ཁྲོད་ཁེ་ཕན་བསགས་ཤིང་། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཐུན་མོང་འཕེལ་རྒྱས་ཀྱི་གྲོགས་པོ་བཟང་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནུའེ་ཙི་ལན་ཕྱོགས་དང་མཉམ་དུ་མཉམ་ལས་སྦྲེལ་ཐག་སྔར་ལས་དམ་པོ་བྱེད་པ་དང་། སློབ་གསོ་དང་རིག་གནས་སོགས་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་པ། མི་སྣའི་འགྲོ་འོང་ཁྱབ་ཆེར་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་རྒྱབ་སྐྱོར་བྱས་ཏེ་སྔར་ལས་མང་བའི་མཛའ་བརྩེའི་འགྲོ་འོང་གི་གཏམ་རྒྱུད་གང་མང་འབྲི་འདོད་ཡོད།
ཙུང་ཏུའུ་ཅི་ལའོ་ཡིས་ཙུང་ལི་ལིས་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། ཅི་ལའོ་ཡིས་བཤད་རྒྱུར། ནུའེ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་ཇེ་ཟབ་ཏུ་གཏོང་བ་དང་། མི་ཆོས་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་གཏོང་བ། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཟེར།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།