རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཉེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མཚན་བཀོད་དེ། འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་སྲོལ་ཡིག་ཁྱབ་བསྒྲགས་བྱས་པ་དང་། 2024ལོའི་ཟླ8ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། སྲོལ་ཡིག་ལ་བསྡོམས་པས་ལེའུ་ལྔ་དང་དོན་ཚན་ཉེར་བདུན་ཡོད་ལ། གཙོ་བོར་གཤམ་གྱི་ནང་དོན་དག་གཏན་ཁེལ་བྱས་ཡོད་དེ།
གཅིག་ནས་ཞིབ་བཤེར་གྱི་ཁྱབ་ཁོངས་གཏན་ཁེལ་གསལ་བོ་བྱེད་པ། སྲིད་འཛིན་ལས་ཁུངས་དང་བཅའ་ཁྲིམས། ཁྲིམས་སྲོལ་གྱིས་དབང་སྤྲད་པའི་དོ་དམ་སྤྱི་ཐུན་ལས་དོན་གྱི་འགན་ནུས་ལྡན་པའི་རྩ་འཛུགས་ཀྱིས། ཚོང་གཉེར་པའི་དཔལ་འབྱོར་བྱ་བ་དང་འབྲེལ་བའི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ། སྒྲིག་ཡིག ཚད་ལྡན་ཅན་གྱི་ཡིག་ཆ་དང་སྲིད་ཇུས་བྱེད་ཐབས་གཙོ་བོར་མ་ཟིན་འགོད་ན། སྲོལ་ཡིག་དེའི་གཏན་ཁེལ་ལྟར་འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་སྤེལ་འོས། གཉིས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་བཅས་ཀྱི་འདྲ་མཉམ་འགྲམ་རྩོད་ཞིབ་བཤེར་བྱ་བའི་ཁྲོད་ཀྱི་འགན་འཁྲི་གཏན་ཁེལ་བྱེད་པ། གསུམ་ནས་ཞིབ་བཤེར་གྱི་ཚད་གཞི་གཏན་ཁེལ་གསལ་བོ་བྱེད་པ། བཞི་ནས་ཞིབ་བཤེར་གྱི་རྐྱེན་སྲོལ་གཏན་ཁེལ་གསལ་བོ་བྱེད་པ། ལྔ་ནས་ལྟ་སྐུལ་གྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་བཅས་རེད།
རིན་ཆེན་མཚོས་བསྒྱུར།