ཟླ6པའི་ཚེས13ཉིན། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་ཟི་ལིང་ནས་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་མཐོ་སྒང་གི་གསོ་རིག་ཆེད་མཁས་པའི་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་ཧན་ཡཱ་ལིན། ཀི་ཅིན་པོ། ཅང་ཐའོ་བཅས་ལ་གདན་ཞུའི་ཡི་གེ་སྤྲད་པ་དང་། ཧྲིན་ཀྲང་གཞོན་པ་ཧི་ལུའུ་ཁྲུན་གྱིས་མགོ་རྩོམ་མཛད་སྒོའི་སྟེང་མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་ རྒྱུའི་སྐོར་གྱི་མཆན་འགོད་བཀའ་ལན་སྒྲོག་འདོན་བྱས།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཤིང་། མདོ་དབུས་མཐོ་སྒང་གི་ཁོར་ཡུག་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པ་དེས། མཐོ་སྒང་གི་གསོ་རིག་ཞིབ་འཇུག་ལས་དོན་དེ་སྐྱོད་ལམ་གསར་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཞིང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དམིགས་ཡུལ་དུ་བཟུང་ནས་གཙོ་གནད་ཁྱབ་ཁོངས་དང་གལ་ཆེའི་ཞིབ་འཇུག་བྱ་གཞི་འགག་སྒྲོལ་བྱས་ཏེ། མཐོ་སྒང་གི་གསོ་རིག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་རིམས་ནད་སྔོན་འགོག་ཚོད་འཛིན་ཅུས། ཀྲུང་ཧྭ་གསོ་རིག་རིག་གཞུང་ཚོགས་པ། རྒྱལ་ནང་གི་འབྲེལ་ཡོད་སྨན་བཅོས་སློབ་གསོའི་ཚན་ཞིབ་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་དྲུག་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཤར་ནུབ་རོགས་སྐྱོར་ལས་དོན་རུ་ཁག་གི་སྣེ་ཁྲིད་པ། མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་འབུམ་རམས་པའི་ཚོགས་པའི་ཁོངས་མི། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་དེ་མིན་ཞིང་ཆེན་རིམ་པའི་སྨན་བཅོས་ཚན་ཞིབ་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་མགོ་རྩོམ་མཛད་སྒོར་ཞུགས།
མགོ་རྩོམ་མཛད་སྒོའི་རྗེས་སུ། ཚོགས་ཞུགས་འགོ་ཁྲིད་པ་དང་སྐུ་མགྲོན་རྣམས་ཀྱིས་མཉམ་དུ་མཐོ་སྒང་གི་གསོ་རིག་ཞིབ་འཇུག་གྲུབ་འབྲས་འགྲེམས་སྟོན་ལ་བལྟས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།