ཟླ6ཚེས13ཉིན། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་བསྐྲུན་པའི་མགོ་ཁྲིད་ཚན་ཆུང་གིས་རྒྱས་འཛོམས་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་ཉེན་ཁའི་འགོག་རྐྱེན་ཞིབ་བཤེར་དངོས་འབེབས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་འགན་འཁྲིའི་ལམ་ལུགས་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་ཤིང་། གྲོས་ཚོགས་སྟེང་འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་བྱས་ཏེ། བདེ་འཇགས་མཚོ་སྔོན་བསྐྲུན་པའི་གཅིག་ཅན་བཅུའི་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་དངོས་འབེབས་གང་ལེགས་བྱེད་པ། འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པ་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་གཏམ་བཤད། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཚུང་གི་ཚན་གཙོ་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།
གྲོས་ཚོགས་སྟེང་བདེ་འཇགས་མཚོ་སྔོན་བསྐྲུན་པའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། བདེ་འཇགས་མཚོ་སྔོན་བསྐྲུན་པའི་བྱ་བ་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པའི་བླང་བྱ་ལག་བསྟར་ཧུར་ཐག་བྱེད་པ་དང་། རྨང་གཞིའི་བྱེད་ནུས་སྦྱོང་བརྡར་དང་གནད་ཁེལ་རང་བཞིན་ཇེ་མཐོར་གཏོང་བ། རང་སྟེང་གི་བྱ་བའི་གཏན་ཁེལ་རང་བཞིན་གྱིས་གནས་བབ་འགྱུར་ལྡོག་གི་གཏན་ཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་ཐུབ་པར་བྱས་ནས། བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གཞི་རྐང་སྔར་ལས་བརྟན་པོར་བཟོ་དགོས་པ་གསལ་བོར་བསྟན།
གྲོས་ཚོགས་སྟེང་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལམ་དུ་ཡོད་པའི་གསལ་དྭངས་ཀྱི་བསམ་ཕྱོགས་ཁྱེར་ནས། དུས་ནམ་ཡང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གོང་འོག་མཉམ་སྒྲིལ་དང་ཕྱོགས་གཅིག་ཤུགས་འདོན་བྱས་ནས། བདེ་འཇགས་མཚོ་སྔོན་བསྐྲུན་པའི་ལས་རིམ་ཁག་སོ་སོ་ཡག་པོར་བསྒྲུབ་དགོས། ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། མེ་འགོག་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཕྱོགས་སོ་སོའི་འགན་འཁྲི་ཇེ་དམ་ཇེ་ནན་དུ་གཏོང་བ་དང་། ལྷག་པར་དུ་ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱས་ནས། ལས་རིགས་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་བདག་གཉེར་ལ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་དགོས་པ་བཅས་སྒྲུབ་ཐུབ་དགོས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ངོས་ཐད་ཀྱི་བདེ་འཇགས་འགོག་ར་བརྟན་པོར་བཟོ་བར་འབད་པ་བྱས་ཏེ། རྒྱུན་ཆད་མེད་པར་སྤྱི་སྡོམ་དང་ཕྱིར་འདང་རྒྱག་པ་དང་། ཞིབ་ཚགས་དམ་ཟབ་ལ་དོ་སྣང་བྱེད་པ། འགལ་ཟླ་དང་རྩོད་གླེང་ཞིབ་བཤེར་དང་དེ་སེལ་ཐུབ་བྱེད་པ་ཤུགས་དྲག་ཏུ་གཏོང་བ། སྤྱི་བའི་བདེ་འཇགས་འགོག་རྐྱེན་ཞིབ་བཤེར་དག་ཐེར་གྱི་བྱ་བ་ནན་ཏན་སྒོས་སྤེལ་ནས། བདེ་འཇགས་དེ་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་གྱིས་མྱོང་ཐུབ་པར་བྱེད་དགོས། སྔོན་འགོག་གཟབ་ནན་དང་བརྟན་སྲུང་བྱས་ནས་ཞོལ་འགོག་གནོད་སེལ་གྱི་བྱ་བ་ཡག་པོར་བསྒྲུབ་དགོས་སྟེ། ཉེན་ཁའི་སྔོན་བརྡའི་ནུས་པ་ཇེ་མཐོར་གཏོང་བ་དང་། གསལ་འདེབས་དང་འཕྲལ་བསྟུན་རྐྱེན་སྲོལ་ལེགས་སྒྱུར་བྱེད་པ། མགོ་ཁྲིད་ལས་བྱེད་པས་སྔོན་སྐྱོད་བཀོད་འདོམས་བྱེད་པ། ཕན་ནུས་ལྡན་པའི་རྩ་འཛུགས་ལ་བརྟེན་ནས་མང་ཚོགས་ཉེན་གཡོལ་བྱེད་དུ་འཇུག་པ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་རང་བྱུང་གནོད་འཚེ་ལས་བྱུང་བའི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས། ཕྱོགས་ཡོངས་དང་ཞིབ་ཚགས་སྒོས་བདེ་འཇགས་ཀྱི་རིག་གནས་ཡུལ་སྐོར་ལ་སྐུལ་འདེད་བཏང་སྟེ། ཡུལ་སྐོར་བཟང་དུས་ཀྱི་བདེ་འཇགས་ལྟ་སྐུལ་དང་ཞབས་ཞུ་འགན་སྲུང་། འཕྲལ་བསྟུན་མྱུར་སྐྱོབ་སོགས་ཀྱི་བྱ་བ་ཏན་ཏིག་སྒོས་བསྒྲུབ་དགོས་ཤིང་། མིས་འགོག་པ་དང་དངོས་པོས་འགོག་པ། ལག་རྩལ་གྱིས་འགོག་པའི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་པོར་སྲུང་དགོས། ཆུ་མ་ཡོང་གོང་དུ་རགས་རྒྱག་པའི་དཔེ་ལྟར་དྲ་རྒྱའི་གླེང་ཕྱོགས་བརྡར་གཅོད་ལ་ཁ་གཏད་འཇལ་ཤུགས་ཇེ་ཆེར་བཏང་སྟེ། གླེང་ཕྱོགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གསོ་སྦྱོང་དང་འཁྲབ་སྦྱོང་ཤུགས་དྲག་ཏུ་གཏོང་བ། དུས་ཚད་ནུས་གསུམ་དམ་འཛིན་བཅས་བྱས་ནས། དྲ་རྒྱའི་གླེང་ཕྱོགས་ཀྱི་ཤེས་རྟོགས་ནུས་པ་དང་། བརྡར་གཅོད་ནུས་པ། ཐག་གཅོད་ནུས་པ་དོན་དངོས་སུ་ཇེ་མཐོར་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་ལས་ངོས་འཛིན་ཇེ་མཐོར་བཏང་ནས་དངོས་འབེབས་དམ་འཛིན་བྱེད་པ་དང་། ཉེན་ཁ་གཙོར་བཟུང་ནས་དངོས་འབེབས་དམ་འཛིན་བྱེད་པ། འགན་འཁྲི་ཇེ་དྲག་ཏུ་བཏང་ནས་དངོས་འབེབས་དམ་འཛིན་བྱེད་པ་བཅས་བྱས་ཏེ། ཉེན་ཁའི་འགོག་རྐྱེན་ཞིབ་བཤེར་བྱ་བ་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། བྱ་བའི་འཆར་འགོད་སྔར་ལས་ཞིབ་ཚགས་བཟོ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཕྱོགས་གཅིག་གི་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་། ཕྱོགས་གཅིག་གི་བདེ་འཇགས་ཁག་ཐེག་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཆེན་པོ་ཁུར་ཐུབ་པར་བྱེད་དགོས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་འཕྲེད་ཕྱོགས་འབྲེལ་གཏུག་དང་གཞུང་ཕྱོགས་མཉམ་སྒུལ་བྱེད་པ་ཤུགས་དྲག་ཏུ་གཏོང་བ་དང་། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་། ལས་རེས་རྗེས་གྲབས་བྱེད་པ། ཡར་ཞུ་དང་སྙན་ཞུ་འབུལ་བ་སོགས་ཀྱི་ལམ་ལུགས་དངོས་འབེབས་གཟབ་ནན་བྱེད་དགོས་ལ། མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མཐུན་སྦྱོར་མཛུབ་སྟོན་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། ས་སྲུང་འགན་འཁྲི་ཡོད་པ། ས་སྲུང་ཁུར་ལེན་བྱེད་པ། ས་སྲུང་མཐའ་འཁྱོལ་བྱེད་པ་སྒྲུབ་ཐུབ་དགོས་ཞེས་བླང་བྱ་བཏོན།
གྲོས་ཚོགས་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱང་ཧྥ་སིན་གྱིས་རང་ཞིང་གི་བདེ་འཇགས་བརྟན་འཇགས་ཀྱི་ཉེན་ཁའི་འགོན་རྐྱེན་གྱི་ཤུགས་རྐྱེན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་ཏང་ཨུའི་དྲ་རྒྱ་དང་ཆ་འཕྲིན་གཞུང་སྒྲུབ་ཁང་། ཞིང་ཆེན་ཏང་ཨུའི་དངུལ་རྩ་གཞུང་སྒྲུབ་ཁང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཟི་ལིང་གྲོང་ཁྱེར། རྨ་ལྷོ་ཁུལ། མགོ་ལོག་ཁུལ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་བྱས།
ཞིང་ཆེན་གྱི་མགོ་ཁྲིད་ལིའུ་མའེ་ཕིན་དང་། ཝང་ཝེ་ཏུང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན། ཝང་ལིན་ཧུའུ། ཝུའུ་ལཱ་ཙི་པེ་ཁི་རུ་སུའུ་ལི་ཧན། ཀྲུའུ་ཞང་ཧྥིན། ལི་ཧུང་ཡ། ཀྲང་ཙི་ཅུན། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལིས་ཙའེ་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་བསྐྲུན་པའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།