ས་དེའི་དུས་ཚོད་ཟླ6ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨོ་ཁི་ལན་དུ་ནུའེ་ཙི་ལན་གྱི་བཟོ་ཚོང་སྡེ་ཁག་གི་འཐུས་མི་དང་བཞུགས་མོལ་གནང་བ་དང་། ཨོ་ཁི་ལན་ཚོང་ཚོགས་དང་། ནུའེ་ཙེ་ལན་དང་ཀྲུང་གོའི་ཉོ་ཚོང་མཐུན་ཚོགས། ནུའེ་ཙི་ལན་གྱི་མཁའ་འགྲུལ་ཀུང་སི་སོགས་ནུའེ་ཙི་ལན་གྱི་ཚོང་ཚོགས་དང་ཁེ་ལས་ཉི་ཤུ་ཙམ་གྱི་འགན་ཁུར་མི་སྣ་བཞུགས་མོལ་ལ་ཞུགས།
ལིས་ཆང་གིས་ནུའེ་ཙི་ལན་གྱི་བཟོ་ཚོང་སྡེ་ཁག་གི་འཐུས་མིའི་གཏམ་བཤད་ལ་གསན་རྗེས་བསྟན་དོན། ད་ལྟའི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་འབྱུང་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། འཛམ་གླིང་དཔལ་འབྱོར་བསྐྱར་གསོའི་སྒུལ་ནུས་ཀྱིས་མི་འདང་བ། རྒྱལ་སྤྱིའི་ཉོ་ཚོང་མཉམ་ལས་ཀྱང་བརྟན་འཇགས་མིན་པ་དང་གཏན་ཁེལ་མིན་པའི་རང་བཞིན་ཇེ་མང་དུ་འགྲོ་བའི་དཀའ་ཁག་ལ་འཕྲད་ཡོད། ཁེ་ལས་ལ་མཚོན་ནས་བཤད་ན། སུ་ཞིག་གིས་འགྱུར་ལྡོག་གནས་བབ་ཁྲོད་རྒྱལ་ཁ་ལེན་པའི་གདེང་ཚོད་ཡོད་པ་དང་། གློ་བུར་འཕྲད་པའི་གོ་སྐབས་དེ་དམ་འཛིན་བྱེད་ཐུབ་ན། དེ་ཛ་དྲག་གི་ཚོང་རའི་འགྲན་རྩོད་ཁྲོད་གཟེངས་སུ་ཐོན་ཐུབ་པ་རེད། ཀྲུང་གོ་དང་ནུའེ་ཙི་ལན་གྱི་ཉོ་ཚོང་མཉམ་ལས་ཀྱིས་མུ་མཐུད་སྔོན་སྐྱོད་ཀྱི་རྣམ་པ་སྲུང་འཛིན་བྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་ཡར་བརྩོན་སྙིང་སྟོབས་མུ་མཐུད་དར་སྤེལ་གཏོང་དགོས་ཤིང་། གནས་བབ་དང་མཐུན་པར་རྒྱལ་ཁ་བརྩོན་ལེན་བྱེད་པ་དང་། སྒོ་འབྱེད་ཁྲོད་གོ་སྐབས་དམ་འཛིན་བྱེད་པ། གསར་གཏོད་ཁྲོད་སྔོན་སྐྱོད་ལ་སྐུལ་འདེད་བཏང་ནས་བྱ་གཞག་ཆེན་པོར་ངང་གིས་འབད་ནས་མཉམ་རྒྱལ་མངོན་འགྱུར་བྱེད་དགོས།
ལིས་ཆང་གིས་བསྟན་དོན། ཀྲུང་གོས་ད་ལྟ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། དཔལ་འབྱོར་སྒྲིག་གཞི་སོགས་ཕྱོགས་ནས་སྤུས་འདེགས་རིམ་སྤོར་བྱས་ཏེ་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་བ་བསྐྲུན་རྒྱུ་ཡིན། གཅིག་ནི་འཛད་སྤྱོད་རིམ་སྤོར་བྱས་ཏེ་ཚོང་རའི་དགོས་མཁོ་གསར་བ་ཐོན་པར་བྱས་ནས། ནུའེ་ཙི་ལན་གྱི་འོ་མའི་ཐོན་རྫས། ནོར་ལུག་གི་ཤ། བདེ་སྲུང་ཐོན་རྫས་སོགས་སྤུས་ཀ་ལེགས་པའི་ཚོང་རྫས་ཀྱི་དགོས་མཁོ་ཇེ་མང་དུ་འགྲོ་རྒྱུ། གཉིས་ནི་ཐོན་ལས་རིམ་སྤོར་གྱིས་མཉམ་ལས་ཁྱབ་ཁོངས་གསར་བ་གསར་འབྱེད་བྱས་ཏེ། ནུས་ཁུངས་གསར་པ་དང་ཆ་འཕྲིན་ལག་རྩལ། སྐྱེ་དངོས་སྨན་རྫས་སོགས་གསར་དར་ཐོན་ལས་ཀྱིས་ཚོང་ལས་གོ་སྐབས་སྔར་ལས་མང་པོ་མངོན་པར་བྱེད་རྒྱུ། གསུམ་ནི་ཉོ་ཚོང་རིམ་སྤོར་གྱིས་འཕར་སྐྱེལ་བར་སྟོང་གསར་བ་འདོན་སྤྲོད་བྱས་ཏེ། ཉོ་ཚོང་ཞབས་ཞུ་དང་། ཡུལ་ཁོངས་བརྒལ་བའི་དྲ་ལམ་ཚོང་ཁང་སོགས་མཉམ་ལས་སྦས་ཤུགས་མྱུར་དུ་ཕྱིར་ཐོན་པར་བྱ་རྒྱུ། ནུའེ་ཙི་ལན་གྱི་ཁེ་ལས་ཀྱིས་གནས་བབ་ཆེན་པོ་དམ་འཛིན་དང་གོ་སྐབས་ནན་འཛིན་བྱས་ཏེ། སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་པའི་རེ་བ་བྱས་ཡོད། ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་ཆེན་དེ་དུས་ནམ་ཡང་ནུའེ་ཙི་ལན་སོགས་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཡངས་པོར་ཕྱེས་ཡོད། ང་ཚོས་ཚོང་རར་ཞུགས་ཆོག་ཚད་སྔར་ལས་རྒྱ་བསྐྱེད་དེ། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་གཞི་གཅིག་ཏུ་འདྲེས་པའི་ཚོང་གཉེར་ཁོར་ཡུག་བསྐྲུན་ནས། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྱིས་ཀྲུང་གོ་རུ་དངུལ་གཏོང་ལས་སྤེལ་བྱེད་པར་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་སྟབས་བདེ་བསྐྲུན་རྒྱུ་ཡིན།
ལིས་ཆང་གིས་བསྟན་དོན། ནུའེ་ཙི་ལན་གྱི་ཁེ་ལས་དང་གྲོགས་པོ་སྔར་ལས་མང་པོ་དུས་རབས་གསར་བའི་ཀྲུང་གོ་དང་ནུའེ་ཙི་ལན་གྱི་ཉོ་ཚོང་ཁྱབ་ཁོངས་ནང་གི་ལུའུ་དབྱི་ཨའེ་ལིས་རུ་འགྱུར་བར་བྱས་ཏེ། ཀྲུང་གོ་དང་ནུའེ་ཙི་ལན་གྱི་ཕན་ཚུན་རྒྱུས་ལོན་ཚད་ཇེ་མང་དུ་འགྲོ་བར་བྱེད་ནུས་སྔར་ལས་ལྷག་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བརྟན་འཇགས་བདེ་ཐང་གི་འཕེལ་རྒྱས་ལ་རོགས་ཤུགས་སྔར་ལས་བཟང་པོ་བཏོན་ནས། ཀྲུང་གོ་དང་ནུའེ་ཙི་ལན་གྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད།
ནུའེ་ཙི་ལན་གྱི་བཟོ་ཚོང་སྡེ་ཁག་གི་འཐུས་མིས་བཤད་རྒྱུར། ནུའེ་ཙི་ལན་དང་ཀྲུང་གོའི་ཉོ་ཚོང་འབྲེལ་བ་ཟབ་ཅིང་། མཉམ་ལས་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་ནུའེ་ཙི་ལན་གྱི་ཁེ་ལས་ལ་ཁོལ་ཡངས་པའི་ཚོང་ར་དང་གོ་སྐབས་ཆེན་པོ་འདོན་སྤྲོད་བྱས་ཡོད། ནུའེ་ཙི་ལན་གྱི་བཟོ་ཚོང་སྡེ་ཁག་གིས་ནུའེ་ཙི་ལན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ཀྲུང་གོའི་མི་དམངས་ལ་སྤུས་ཚད་མཐོ་བའི་ཚོང་རྫས་དང་ཞབས་ཞུ་འདོན་སྤྲོད་བྱས་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུར་འཐད་པ་ཡིན།
ཝུའུ་ཀྲིན་ལུང་བཞུགས་མོལ་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།