འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་ཆེད་དོན་སྐུལ་སྤེལ་ཚོགས་འདུ་ཚེས14ཉིན་ཧྥུའུ་ཅན་ཞ་མིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཁོང་གིས་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གཏོང་བ་དང་། ཧྥུའུ་ཅན་གྱིས་མཚོ་འགག་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་འཚོལ་ཞིབ་དང་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་ཐབས་ཇུས་ལག་ལེན་མཐར་ཕྱིན་བྱས་ཏེ། འཐབ་ཇུས་དང་ཁྱོན་ཡོངས་ཀྱི་ངོས་ནས་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་ཇུས་འགོད་དང་སྐུལ་འདེད་ནུས་ལྡན་བཏང་ནས། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གཏོང་བ་དང་ཏན་ཏིག་ཡོང་བར་སྣེ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།
ཝང་ཧུའུ་ཉིང་གིས་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་གཏོང་བའི་དོན་སྙིང་གལ་ཆེན་དང་བཀོད་སྒྲིག་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་འདུ་ཤེས་དང་བསམ་ཕྱོགས་ཟམ་མི་ཆད་པར་ཟབ་སྤེལ་གཏོང་བ་དང་། སྲིད་ཇུས་དང་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། ལག་ལེན་འཚོལ་ཞིབ་ཐད་ནས་ཟམ་མི་ཆད་པར་ཐོད་བརྒལ་ཡོང་བར་སྐུལ་འདེད་གཏོང་དགོས། འགྲམ་གཉིས་ཀྱི་དཔལ་འབྱོར་རིག་གནས་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། འགྲམ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འདྲེས་འཕེལ་རྒྱས་ཟབ་སྤེལ་བཏང་ནས། ཐེའ་ཝན་སྤུན་ཟླར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་དང་མེས་རྒྱལ་སྐམ་ས་ཆེན་མོའི་འཕེལ་རྒྱས་ཡར་ཐོན་གྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དགོས་ཞེས་གསུངས།
ཝང་ཧུའུ་ཉིང་གིས་ཧྥུན་ཅན་ལ་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དམིགས་བསལ་གྱི་ལེགས་ཆ་ལྡན་པའི་དབང་གིས། ཧྥུའུ་ཅན་གྱིས་མཚོ་འགག་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་འཚོལ་ཞིབ་བྱེད་པའི་ཐད་གོམ་སྟབས་སྔར་ལས་ཆེན་པོ་སྤོས་ནས། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་རྒྱུར་དཔེ་སྟོན་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དེ་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། འགྲམ་གཉིས་ཀྱི་དཔལ་འབྱོར་མཉམ་འདྲེས་ཟབ་མོ་ཡོང་བར་འབད་དེ། ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླར་བརྩི་འཇོག་དང་བྱམས་སྐྱོང་། བདེ་སྐྱིད་སྟེར་བ། ཐའེ་ཝན་སྤུན་ཟླར་བདེ་སྐྱིད་སྟེར་བའི་སྲིད་ཇུས་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ། འགྲམ་གཉིས་ཀྱི་མང་ཚོགས་ལ་ཕན་པ་ཐོབ་པའི་ཁྱབ་ཁོངས་དང་ཐོབ་ཚོར་སྔར་ལས་རྒྱ་སྐྱེད་གཏོང་དགོས། འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཀྱི་ཁྱབ་ཁོངས་དང་ཐབས་ལམ་རྒྱ་ཆེར་བཏང་ནས། ཐའེ་ཝན་སྤུན་ཟླ་དང་ལྷག་པར་དུ་ཐའེ་ཝན་གྱི་ན་གཞོན་སྐམ་ས་ཆེན་མོར་སློབ་སྦྱོང་དང་འཚོ་བ་རོལ་དུ་ཡོང་བ་དང་ལས་ཞུགས་ལས་སྐྲུན་སོགས་ཀྱི་ཐད་ནས་སྟབས་བདེ་སྔར་ལས་གང་མང་བསྐྲུན་ཏེ། བརྗེ་རེས་འགྲོ་འོང་མཉམ་འདྲེས་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པའི་ཉམས་མྱོང་དང་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱེད་རྒྱུ་དང་། སྲིད་ཇུས་ལག་བསྟར་བྱེད་པའི་ཁྲོད་ཀྱི་དཀའ་གནད་དང་འགག་གནད་ཞིབ་འཇུག་ཐག་གཅོད་བྱས་ཏེ། མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།
ཀྲུང་དབྱང་ཐའེ་ཝན་གཞུང་སྒྲུབ་ཁང་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཧྥུའུ་ཅན་ཞིང་ཆེན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་འགྲམ་གཉིས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་པའི་གནས་ཚུལ་སྐོར་ནས་སྙན་ཞུ་ཕུལ། སློབ་གསོ་པུའུ་དང་སྤྱི་བདེ་པུའུ། ནོར་སྲིད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རིག་གནས་དང་ཡུལ་སྐོར་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།
བན་དེ་སྐྱབས་ཀྱིས་བསྒྱུར།