མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་འཇོན་མིའི་བཞུགས་མོལ་ཚོགས་འདུ་བསྡུས།
2024.06.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཟླ6ཚེས13ཉིན། ལྗང་མདོག་རྩིས་ནུས་འཇོན་མིའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་འཇོན་མི་བྱ་བའི་མགོ་ཁྲིན་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཚོགས་འདུ་ལས་བསྟན་དོན། ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་ཡིན་ལ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་པར་མ་ཟད། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བའི་དོན་ལྡན་བྱེད་ཐབས་ཤིག་ཡིན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་དང་བྲེལ་མྱུར་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། གནས་བབ་དང་བསྟུན་པ་དང་བབ་བསྟུན་མདུན་སྐྱོད་བྱས་ཏེ། ལངས་གནས་སྔར་ལས་མཐོ་ཞིང་ནུས་ཚད་སྔར་ལས་ཆེ་བ། བྱེད་ཐབས་སྔར་ལས་དོན་མཐུན་གྱི་སྒོ་ནས་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ཡུལ་བབ་དང་བསྟུན་ནས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བ་ནི་ལྗང་མདོག་གསེར་སྒྱུར་དང་། སྐྱེ་ཁམས་དངོས་སྣང་མངོན་འགྱུར་བྱེད་པའི་གནད་འགག་གི་བྱེད་ཐབས་ཤིག་ཡིན་ལ། ལྗང་མདོག་རྩིས་ནུས་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱེད་པ་ནི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ནས་ལྗང་མདོག་རྩིས་ནུས་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་བྱེད་ན་རྒྱ་སྐྱེད་དང་གསོག་ནུས། ནུས་གཏོང་བཅས་དུས་མཉམ་དུ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རང་ས་གནས་ཀྱི་ལྗང་མདོག་རྩིས་ནུས་འཇོན་མི་གསོ་སྐྱོང་བྱེད་པར་དོ་སྣང་དང་། ལྗང་མདོག་རྩིས་ནུས་འཇོན་མི་ནང་འགུག་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དགོས་ལ། འཇོན་མིའི་འཕེལ་རྒྱས་ཁོར་ཡུག་མུ་མཐུད་ལེགས་སྒྱུར་བྱེད་པ་དང་། མི་བཀོལ་གཙོ་གཞིའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་བཀོད་གཏོང་གང་ལེགས་བྱས་ནས། ལྗང་མདོག་རྩིས་ནུས་ཀྱི་འཇོན་མིའི་ཚོགས་ཀྱི་ཤུགས་འདོན་པར་བྱས་ཏེ། ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་ཚོགས་སྤུས་འདེགས་ནུས་སྤེལ་ཐུབ་པར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་དང་འགན་སྲུང་བྱེད་དགོས་པ་ནན་གྱིས་བསྟན།

ཆེད་ལས་འཇོན་མི་བཅུ་གཉིས་ཀྱིས་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་འཇོན་མིའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ། ཞིང་ཆེན་ཏང་ཨུའི་འཇོན་མི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་ཁ་ཤས་དང་། ཞིང་ཆེན་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཆེད་མཁས་འདྲི་རྟོགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁ་ཤས། ཞིང་ཆེན་ནང་ཁུལ་གྱི་ཆེད་མཁས་པ་གྲགས་ཅན་དང་ལྗང་མདོག་རྩིས་ནུས་དང་འབྲེལ་བའི་ཁེ་ལས་ལས་དོན་ལས་ཁུངས་ཀྱི་འཇོན་མིའི་འཐུས་མི་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།