ལིས་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལིས་ལཱ་ཁི་སིན་དང་མཉམ་དུ་ནེའུ་ཙི་ལན་གྱི་ལས་རིགས་སོ་སོས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས་སྐབས་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་བཏང་སྟེ་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་སྤོར་བྱེད་པའི་དཔེ་གཞི་བསྐྲུན་དགོས་ཞེས་ནན་བཤད་གནང་།
2024.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 138

  ས་གནས་དེའི་དུས་ཚོད་ཟླ6ཚེས14ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་ལིས་ཆང་གིས་ཨའོ་ཁི་ལན་གྱི་དངོས་མང་བཤམས་སྟོན་ཁང་དུ་ནེའུ་ཙི་ལན་གྱི་ཙུང་ལིས་ལཱ་ཁི་སིན་དང་མཉམ་དུ་ནེའུ་ཙི་ལན་གྱི་ལས་རིགས་སོ་སོས་སྤེལ་བའི་དགའ་བསུའི་གསོལ་སྟོན་ལ་ཕེབས་པར་མ་ཟད་ཤིས་ཚིག་ཕུལ། ནེའུ་ཙི་ལན་གྱི་ལས་རིགས་སོ་སོའི་མི་སྣའི་འཐུས་མི300ཙམ་དགའ་བསུའི་གསོལ་སྟོན་ལ་ཞུགས།

ལིས་ཆང་གིས་ཤིས་ཚིག་ཕུལ་སྐབས་བསྟན་དོན།  ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ52ཀྱི་རིང་ལ།  རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དུས་ཡུན་རིང་པོར་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་ཡོད། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེའུ་ཙི་ལན་ལ་འཚམས་འདྲི་གནང་བ་དང་ཀྲུང་གོ་དང་ནེའུ་ཙི་ལན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10ཡི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཕྱོགས་སུ་སླེབས་ཏེ།   རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་པར་མ་ཟད། ས་ཁུལ་དང་འཛམ་གླིང་གི་དར་རྒྱས་དང་བརྟན་བརླིང་ལའང་སྐུལ་འདེད་ནུས་ལྡན་བཏང་ཡོད། གཡུར་དུ་ཟ་བའི་གྲུབ་འབྲས་འདི་དག་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་ཀྲུང་གོ་དང་ནེའུ་ཙི་ལན་བར་ལ་འདྲ་ས་དང་འདྲ་མཚུངས་ཀྱི་ཆ་མང་པོ་ཡོད་པ་ལས་བྱུང་བ་རེད། རྒྱལ་ཁབ་གཉིས་ཀར་རང་བྱུང་སྐྱེ་ཁམས་ལ་བརྩི་འཇོག་དང་། སྣ་མང་རིག་གནས་ཀྱི་ཤོང་ཚད།  གསར་གཏོད་གསར་སྐྲུན་བྱེད་པའི་རེ་སྙེག འཛམ་གླིང་གི་ཞི་བདེ་ལ་རེ་སྨོན་བྱེད་པ་བཅས་ཀྱི་འདྲ་ས་མང་པོ་ཡོད།  འདྲ་ས་འདི་དག་ནི་ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡིན་པས། ཕྱོགས་གཉིས་ཀས་གཅེས་སྤྲས་དང་སྲུང་སྐྱོབ་བཟང་བོ་བྱེད་དགོས་པར་མ་ཟད།  དེས་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་གང་ཐུབ་བྱེད་དགོས།

ལིས་ཆང་གིས་བསྟན་དོན། མིག་སྔའི་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་།  འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ལས་དོན་དཀའ་ངལ་མང་པོར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་ཐུན་མོང་གི་རིན་ཐང་འདུ་ཤེས་བརྟན་སྲུང་བྱེད་པ་དང་།  སྔར་ལས་ལྷག་པའི་སྒོ་ནས་སྲོལ་རྒྱུན་མཛའ་མཐུན་དར་སྤེལ་གཏོང་བ།   ཀྲུང་གོ་དང་ནེའུ་ཙི་ལན་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རིམ་སྤོར་བྱེད་པའི་དཔེ་གཞི་བསྐྲུན་ཅི་ཐུབ་བྱས་ཏེ།    སྐྱེ་དངོས་དང་སྨན་བཅོས།  ཞིང་ལས། ཟས་རིགས། ནུས་ཁུངས་གསར་པ། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་།  ཕྱོགས་མང་ཁྱབ་ཁོངས་ཀྱི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས། མཉམ་ལས་ཀྱི་གྲུབ་འབྲས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་སྔར་ལས་ཆེ་བ་ཐོབ་པར་བྱེད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་ཆེན་པོ་འཇོག་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། ད་ལོའི་ཚུན་ལ་ཀྲུང་གོའི་དཔལ་འབྱོར་བསྐྱར་འཕེལ་བྱུང་བའི་གནས་བབ་བཟང་བོ་དེ་རྒྱུན་མཐུད་ངང་སྲ་བརྟན་དུ་འགྲོ་བཞིན་ཡོད།  རྒྱང་རིང་ནས་བལྟས་ན། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་བཟང་ཕྱོགས་སུ་འཕེལ་བའི་འཕེལ་ཕྱོགས་འགྱུར་མི་སྲིད། ཀྲུང་གོའི་འཕེལ་རྒྱས་གསར་པ་ནི་འཛམ་གླིང་གི་གོ་སྐབས་ཆེན་པོ་ཞིག་ཡིན། ང་ཚོས་རྒྱལ་ཁབ་སོ་སོ་དང་མུ་མཐུད་དུ་གོ་སྐབས་ལོངས་སུ་སྤྱད་དེ་ཐུན་མོང་གི་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད།

ལཱ་ཁི་སིན་གྱིས་ཤིས་ཚིག་ཕུལ་སྐབས་བསྟན་དོན། ཀྲུང་གོའི་བར་གྱི་འབྲེལ་བ་ནི་ནེའུ་ཙི་ལན་གྱི་ཆེས་གལ་ཆེ་བའི་ཕྱི་ཕྱོགས་འབྲེལ་བའི་གྲས་ཤིག་ཡིན་པ་དང་། འདས་ཟིན་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ། ནེའུ་ཙི་ལན་དང་ཀྲུང་གོ་གཉིས་ཀྱིས་དཔལ་འབྱོར་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་དང་།  ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་།  ནེའུ་ཙི་ལན་དང་ཀྲུང་གོའི་བར་གྱི་འབྲེལ་བར་དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས་དང་གསོན་ཤུགས་རྒྱས་པར་སྐུལ་འདེད་བཏང་ཡོད། ད་ལོ་ནི་ནེའུ་ཙི་ལན་དང་ཀྲུང་གོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་ཡིན་ལ།  རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཀྱང་ཡིན། ནེའུ་ཙི་ལན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་འབྲེལ་བ་དེ་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་གྱི་གོ་གནས་སྟེང་བཞག་ཏེ།  ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་།  དཔལ་འབྱོར་ཉོ་ཚོང་དང་། ཞིང་ལས། ཤེས་བྱའི་ཐོན་དབང་། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ།  མཐུན་སྦྱོར་གྲོས་མོལ་བྱེད་ཤུགས་ཆེ་རུ་གཏོང་བ།   གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད།

དགའ་བསུའི་གསོལ་སྟོན་གྱི་སྔོན་ལ།  རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཀྱིས་ནེའུ་ཙི་ལན་གྱི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣར་མཇལ་འཕྲད་གནང་། ལིས་ཆང་གིས་ཚང་མས་དུས་ཡུན་རིང་པོར་ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད།  ཡང་འབད་བསྐྱར་འབད་བྱས་ཏེ། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བར་སྔར་ལས་དགེ་མཚན་ལྡན་ལྡན་ཞིང་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ནས། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་སྐུལ་ལྕག་གནང་།

ཝུའུ་ཀྲིན་ལུང་དགའ་བསུའི་གསོལ་སྟོན་ལ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།