ལིས་ཆང་དང་ནེའུ་ཙི་ལན་གྱི་ཙུང་ལི་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་སློབ་གསོ་འཕེལ་རྒྱས་གླེང་སྟེགས་ལ་ཞུགས།
2024.06.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ས་དེའི་དུས་ཚོད་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨོ་ཁི་ལན་དུ་ནེའུ་ཙི་ལན་གྱི་ཙུང་ལོ་ལ་ཁི་སིན་དང་མཉམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་སློབ་གསོ་འཕེལ་རྒྱས་གླེང་སྟེགས་མཇུག་བསྡུ་བའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཧ་ལམ་སློབ་གྲྭ་ཆེན་མོ་བརྒྱ་དང་དྲུག་ཅུའི་སློབ་གཙོ་སོགས་ཀྲུང་གོ་དང་ནེའུ་ཙི་ལན་གྱི་སློབ་གསོ་ལས་རིགས་ཀྱི་མི་སྣ་མཛད་སྒོར་ཞུགས།

ལིས་ཆང་གིས་བསྟན་དོན། དུས་ཡུན་རིང་བོར། སློབ་གསོ་མཉམ་ལས་ནི་ཀྲུང་གོ་དང་ནེའུ་ཙི་ལན་འབྲེལ་བའི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་། མཉམ་ལས་ཀྱི་རྒྱ་ཆེ་ཆུང་དང་གཏིང་ཚད་རྒྱུན་མ་ཆད་པར་རྒྱ་སྐྱེད་ལ། འཇོན་མི་སྐྱེད་སྲིང་དང་མཉམ་འབྲེལ་ཚན་ཞིབ། རིག་གཞུང་བརྗེ་རེས་སོགས་ཕྱོགས་ནས་གྲུབ་འབྲས་མངོན་གསལ་བླངས། མིག་སྔར་གྱི་སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་ཡིས་མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་རྣམ་པ་བསྒྱུར་བཞིན་པའི་སྒང་ཡིན་ལ། སློབ་གསོའི་བཅོས་བསྒྱུར་དང་གསར་གཏོད་ཕྱོགས་ཀྱི་རེ་བ་སྔར་ལས་མཐོ། ཀྲུང་གོ་དང་ནེའུ་ཙི་ལན་གྱི་སློབ་གསོའི་ལས་རིགས་ཀྱིས་མཉམ་ལས་སྔར་ལས་དམ་ཟབ་བྱེད་འོས།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ནེའུ་ཙི་ལན་གྱི་མཐོ་རིམ་སློབ་གྲྭས་རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད། ཚང་མས་འཛམ་གླིང་གི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་བསྒྱུར་གྱི་ཁ་ཕྱོགས་གཙིགས་སུ་འཛིན་པ་དང་། མིའི་རིགས་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་འགྲན་རྩོད་གཙིགས་སུ་འཛིན་པ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སློབ་གསོའི་ཐད་ཀྱི་དགོས་མཁོ་དངོས་གཙིགས་སུ་བཟུང་ནས། འཇོན་མིའི་སྐྱེད་སྲིང་དང་མཉམ་འབྲེལ་ཚན་ཞིབ། རིག་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད། མ་འོངས་པའི་ལོ་ལྔའི་རིང་ལ། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ལ་མི་ཐེངས་བརྒྱའི་རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་གྱི་སློབ་རོགས་བྱ་དགའ་འདོན་སྤྲོད་བྱེད་རྒྱུ་དང་། རྒྱའི་སྐད་ཡིག་གི་དབྱར་སྒར་གྱི་མི་སྟོང་གཅིག་གི་མིང་གྲངས་དང་རྒྱ་ཡིག་གི་ཀློག་དེབ་སྟོང་ལྔ་སྟེར་རྒྱུ་རེད། ཀྲུང་གོས་ནེའུ་ཙི་ལན་གྱི་ན་གཞོན་སྔར་ལས་མང་པོས་རྒྱ་ཡིག་སྦྱོང་བ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་བྱེད་པར་དགའ་བསུ་བྱེད་པ་དང་། ཀྲུང་གོའི་ན་གཞོན་སྔར་ལས་མང་པོ་ནེའུ་ཙི་ལན་ལ་སློབ་སྦྱོང་བྱེད་དུ་འགྲོ་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་བར་གྱི་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་འདོད་ཡོད།

ལ་ཁི་སིན་གྱིས། ནེའུ་ཙི་ལན་དང་ཀྲུང་གོས་དུས་ཡུན་རིང་བོའི་སློབ་གསོ་མཉམ་ལས་སྤེལ་རྒྱུ་ནི་ཕྱོགས་གཉིས་མཉམ་ལས་ཀྱི་གཙོ་གནད་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚན་ལ་རྒྱུས་ལོན་བྱེད་པར་ཕན་པ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེའི་ཁྲོད་ནས་ཕན་འདོགས་ཐུབ་པར་བྱེད་དགོས། ནེའུ་ཙི་ལན་གྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་སློབ་གསོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

མཇུག་བསྡུའི་མཛད་སྒོའི་སྟེང་། ལིས་ཆང་གིས་ནེའུ་ཙི་ལན་གྱི་ཁུང་ཙི་སློབ་གླིང་དང་ཁུང་ཙི་སློབ་གྲྭའི་སློབ་མའི་འཐུས་ཚབ་ལ་རྒྱ་ཡིག་གི་དཔེ་ཆ་བྱིན་པ་དང་། ལ་ཁི་སིན་གྱིས་ཙུང་ལིའི་ཡ་གླིང་སློབ་རོགས་བྱ་དགའ་དང་སྤུན་གསུམ་མཉམ་ལས་ལས་གཞིའི་ཐེབས་རྩའི་བྱ་དགའ་ཐོབ་པའི་སློབ་མར་བྱ་དགའི་འཛིན་ཡིག་བྱིན།

ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།