ཟླ6པའི་ཚེས16ཉིན་པར་འགྲེམ་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བཅུ་གཉིས་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་རང་རྒྱལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཞེས་པ་སྤེལ། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2017ལོའི་ཟླ10པ་ནས2024ལོའི་ཟླ3པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་གནད་བཏུས་ཡིན།
རྩོམ་ཡིག་ལས་བསྟན་དོན། དུས་རབས་གསར་པའི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ནི། ངས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ཁྲོད་ནན་སྟོན་བྱས་པའི་རང་རྒྱལ་གྱི་དཔལ་འབྱོར་དེ་མགྱོགས་མྱུར་འཕར་སྣོན་གྱི་དུས་རིམ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རིམ་དུ་བསྒྱུར་བ་དེ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཐ་ན་དུས་ཡུན་སྔར་ལས་རིང་བོའི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྗོད་སྙིང་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་ཡིན། དངོས་པོ་དང་ལག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་མེད་ན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མི་ཐུབ་པ་དང་། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་སྐྱོད་ལམ་གསར་པ་རུ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
རྩོམ་ཡིག་ནང་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འབྱུང་བཞིན་པའི་མཛེས་སྡུག་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པའི་འཕེལ་རྒྱས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མངོན་པར་བྱེད་པའི་འཕེལ་རྒྱས། གསར་གཏོད་སྒུལ་ཤུགས་དང་པོར་བསྒྱུར་བ་དང་མཐུན་སྦྱོར་ནང་སྐྱེས་ཁྱད་ཆོས་སུ་བསྒྱུར་བ། ལྗང་མདོག་ཡོངས་ཁྱབ་ཀྱི་རྣམ་པར་བསྒྱུར་བ། སྒོ་འབྱེད་དགོས་ངེས་ཀྱི་ལམ་བུ་རུ་བསྒྱུར་བ། མཉམ་སྤྱོད་རྩ་བའི་དམིགས་འབེན་དུ་བསྒྱུར་བའི་འཕེལ་རྒྱས་ཡིན། སྔར་ལས་གསལ་བོར་བཤད་ན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི། ཡོད་མེད་ནས་བཟང་མིན་དུ་བསྒྱུར་རྒྱུ་དེ་ཡིན།
རྩོམ་ཡིག་ནང་བསྟན་དོན། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་མྱུར་དུ་མངོན་འགྱུར་བྱེད་རྒྱུ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་ལམ་བུ་ཡིན་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་རྒྱུ་ནི། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་རྨང་གཞི་ཡིན་ལ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་རེ་བ་དང་ཤུགས་འདོན་ས་གཙོ་བོ་ཡིན། སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་རྒྱུ་དེ་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་གྲུབ་འབྲས་ལྟ་བའི་ནང་དོན་གཙོ་བོར་འགྱུར་བར་བྱེད་དགོས། ས་ཁུལ་སོ་སོས་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ས་བབ་དང་བསྟུན་པ་དང་དགེ་སྤེལ་སྐྱོན་སྤང་བྱས་ནས། རང་ས་ཁུལ་གྱི་གནས་ཚུལ་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་དུས་རབས་གསར་པའི་གནས་ལུགས་གལ་ཆེན་ཡིན་པ་སེམས་ལ་བརྟན་པོར་འཛིན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་མྱུར་དུ་འཕེལ་རྒྱས་སུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྤེལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གྲུབ་པར་བྱེད་པ། རིམ་པ་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་གཅིག་འདོམས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་འདོམས་བྱེད་པ་སོགས་ཀྱི་འཐབ་ཇུས་ལས་འགན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཔྱད་ཞིབ་གདེང་འཇོག་གི་མ་ལག་འཐུས་ཚང་དུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ལ་ཇུས་འགོད་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རྒྱུན་མཐུད་ངང་སྒུལ་ཤུགས་བརྟན་པོ་སྣོན་དགོས།
རིན་ཆེན་མཚོས་བསྒྱུར།