ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས།
2024.06.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ6པའི་ཚེས14ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་གཞུག་ཏུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོས་ཚོགས་ཀྱི་དགོངས་དོན་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་བླང་བྱ་དངོས་འབེབས་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་དོན་སྙིང་གལ་ཆེན་གནད་འཁེལ་ཡང་དག་སྒོས་ཁོང་དུ་ཆུད་པར་བྱས་ཏེ། སྣེ་ཁྲིད་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་དམ་པོ། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཤིང་། སྒྲིག་ཁྲིམས་སྒྲིག་སྲོལ་དེ་དོན་དངོས་སུ་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་སུ་འགྱུར་བར་བྱེད་དགོས། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ་དང་བྱེད་ཕྱོགས་འབུར་ཐོན་གནད་དོན་ཆེད་དོན་དག་ཐེར་བྱེད་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཏེ། རུལ་སུངས་གནད་དོན་ལ་ཆད་གཅོད་དང་བཅོས་སྐྱོང་ནན་མོ་བྱེད་དགོས་ལ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། སྒྲུབ་སྟངས་ནན་མོ་བཅས་ཡུན་རིང་སྲུང་འཛིན་བྱས་ནས། མི་དམངས་ཡིད་ཚིམ་པའི་སྤྱོད་གཙང་སྲིད་གཞུང་ཞིག་འབད་པས་བསྐྲུན་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་རང་འགུལ་གྱིས་དབུས་རྒྱུད་ས་ཁུལ་སྟོབས་ཀྱིས་འཕེལ་བའི་འཐབ་ཇུས་གལ་ཆེན་དང་སྦྲེལ་མཐུད་བྱེད་པ་དང་། ཕྱི་ནང་སྒོ་འབྱེད་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས། འཕེལ་རྒྱས་སྒུལ་ནུས་ཇེ་དྲག་དང་གསོན་ཤུགས་རྒྱས་པར་བྱེད་དགོས། ཏང་གི་དངུལ་རྩའི་བྱ་བའི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། དངུལ་རྩའི་དོ་དམ་ཤུགས་དྲག་ཏུ་གཏོང་བ་དང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས་ནས། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བཞི་པ་དང་། ཁེ་ལས་དང་ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ། ཧྲན་ཏུང་ནས་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཞིང་སྡེའི་ལམ་བཟང་བཞིའི་འཛུགས་སྐྲུན་བྱ་བ་ཡག་པོར་སྒྲུབ་པའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། སྔར་ལས་རང་རྟོགས་ཀྱིས་སྤུས་ཚད་མཐོ་བའི་ལས་ཞུགས་བྱེད་པ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོག་མའི་དམིགས་འབེན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་དམིགས་ཏེ་ལས་ཞུགས་འཕར་གཞི་གསར་པ་གསར་འབྱེད་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་བྱ་བ་དེ་རང་རྟོགས་ཀྱིས་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗོད་གཞི་ལ་སྐུལ་འདེད་གཏོང་བར་དམ་དུ་དམིགས་ཤིང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ཁྱེར་ཕྱོགས་རྒྱུན་འཁྱོངས་བྱེད་པ། བྱེད་སྟངས་བྱེད་ཐབས་གཙོར་བཟུང་ནས། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་ལས་འགན་དམ་འཛིན་དང་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་འགན་གཙོ་བོ་ནན་འཛིན་དངོས་སྒྲུབ་བྱས་ནས། བྱ་བ་ཁག་སོ་སོ་མུ་མཐུད་དུ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞུང་ལམ་ཇེ་བཟང་དུ་གཏོང་བའི་སྐོར་གསར་བའི་འགུལ་སྐྱོད་ལག་བསྟར་གང་ལེགས་བྱེད་པར་ཤུགས་བཏོན་ཏེ། ཞིང་སྡེའི་གཞུང་ལམ་ཀྱི་རྨང་གཞིའི་སྒྲིག་ཆས་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ལམ་བཟང་བཞི་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཟླ5པའི་ཚེས24ཉིན་དང་། ཟླ6པའི་ཚེས7ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། སྲིད་འཛིན་ཁྲིམས་བསྟར་སྤུས་ཚད་ཇེ་མཐོར་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞིར་སྐུལ་འདེད་ཏན་ཏིག་བཏང་སྟེ། སྲིད་འཛིན་བསྐྱར་གྲོས་ཀྱི་ནུས་ཕྱོད་དང་སྤྱི་བའི་ཡིད་རྟོན་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ཁྱད་ལྡན་དགེ་མཚན་ལ་རྐང་བཙུགས་ནས་ཡུལ་ཁོངས་བརྒལ་བའི་དྲ་རྒྱའི་ཚོང་ལས་འཕེལ་རྒྱས་བཏང་སྟེ། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། སྲིད་ཇུས་བྱེད་ཐབས་ཁག་དངོས་འབེབས་ཞིབ་ཚགས་བྱས་ཏེ། ལས་གཏོད་དངུལ་གཏོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ས་ཁང་བདག་ཁོངས་ཚོང་ར་བརྟན་འཇགས་བདེ་ཐང་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འགན་སྲུང་དོ་དམ་དང་སྨན་བཅོས་ཞབས་ཞུ་ཇེ་ལེགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ལས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ཡོད་སྦྲེལ་མཐུད་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། དངོས་གཉེར་ཕན་མཐོས་གནད་དོན་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་ས་ཁུལ་རྒྱུན་མཐུད་འཕེལ་རྒྱས་དང་དབུལ་ཐར་མང་ཚོགས་རྒྱུན་མཐུད་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ལྷོད་མེད་བཏང་ནས། དབུལ་ཐར་རྨང་གཞི་སྔར་ལས་བརྟན་པོ་དང་གྲུབ་འབྲས་སྔར་ལས་རྒྱུན་མཐུད་ཐུབ་པ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཐུན་མོང་ནགས་དབང་ལམ་ལུགས་བཅོས་སྒྱུར་དང་། སྤུས་ལེགས་དོ་མཉམ་གྱི་གཞི་རྩའི་སྤྱི་བའི་སློབ་གསོའི་ཞབས་ཞུའི་མ་ལག་འཛུགས་པ།  རྒྱ་གྲམ་དམར་པོའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བ་སོགས་བྱ་བར་ཞིབ་འཇུག་བྱས། བཅོས་སྒྱུར་གྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་ནགས་དབང་ལམ་ལུགས་གསར་གཏོད་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་དགོས། སྤྱི་ཕན་དང་སྤུས་ལེགས་དོ་མཉམ་གཞི་རྩའི་ཁ་ཕྱོགས་སུ་བརྩིས་ཏེ། གཞི་རྩའི་སྤྱི་བའི་སློབ་གསོ་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། འཕྲལ་བསྟུན་རོགས་སྐྱོབ་ནུས་པ་དང་། འཕྲལ་བསྟུན་སྐྱོབ་སྲུང་ཆུ་ཚད། མི་ཆོས་རོགས་སྐྱོབ་འཇོན་ནུས་རྒྱུན་ཆད་མེད་པར་ཤུགས་དྲག་ཏུ་བཏང་སྟེ། དུས་རབས་གསར་པའི་རྒྱ་གྲམ་དམར་པོའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།