ཟླ6པའི་ཚེས14ཉིན། ཞིང་ཆེན་ཡོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས། ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཏེ། ཚད་མཐའ་བརྟན་སྲུང་དང་སྒུལ་ཤུགས་ཆེ་རུ་གཏོང་བ། དར་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཤིང་། དེབ་གཅིག་ཐོ་གཅིག་དང་བསམ་ཇུས་གཅིག་བཅས་ཀྱི་བླང་བྱ་ལྟར། ཐོབ་དཀའ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བསྟུད་མར་ནུས་ཤུགས་བཏོན་ནས་བྱ་བ་ལེགས་བཅོས་དང་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་བཀོད་སྒྲིག་བྱས།
ཚོགས་འདུའི་སྟེང་། ཐོག་མར་མཚོ་སྔོན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པའི་ཕྱོགས་སོ་སོའི་སྟོབས་ཤུགས་དང་འཐབ་ཕྱོགས་དང་པོར་འབད་བརྩོན་བྱེད་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ལ་གུས་འདུད་དང་བཀའ་དྲིན་ཆེ་ཞུས། ཚོགས་འདུའི་སྟེང་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བྱེད་ཐབས་བཟང་བོ་ཇེ་དྲག་གཏོང་བ་དང་། སྤྱོད་ཚུལ་ལེགས་པོ་ཇེ་བརྟན་དུ་གཏོང་བ། གཟབ་ནན་དང་ཞིབ་ཚགས། དམ་འཛིན། དངོས་སྒྲུབ་བཅས་འབུར་དུ་ཐོན་པར་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་སྒོས་ཡང་བསྐྱར་གྲུབ་འབྲས་ལེན་དགོས།
ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བའི་གལ་ཆེན་རང་བཞིན་དང་། ཡུན་རིང་རང་བཞིན། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་བར་གྱི་བྱ་བའི་བར་ཁྱད་ཤེས་རྟོགས་གསལ་བོ་བྱེད་པ་དང་། གནས་པའི་གནད་དོན་གྱི་མི་འདང་ས་དང་ཞན་ཆར་ཚད་མཐོའི་མཐོང་ཆེན་བྱེད་པ། མདུན་སྐྱོད་མི་བྱེད་པར་ཕྱིར་བཤོལ་དང་དལ་སྐྱོད་བྱེད་པ་དེའང་ཕྱིར་བཤོལ་བྱས་པ་ཡིན་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ལས་བྱེད་པས་ལས་ལ་འབད་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ་བཅས་ཀྱི་བླང་བྱ་ལྟར། ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་ཏན་ཏན་ཏིག་ཏིག་སྒོས་སྒྲུབ་པ། བཀོད་སྒྲིག་བླང་བྱ་ལྟར་ལས་གཞི་རེ་རེ་བཞིན་དོན་འཁྱོལ་བྱེད་དགོས། ཚད་མཐའ་སྲུང་བར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། ལྟ་ཞིབ་ཚད་ལེན་གྱི་ལས་ཆོད་དངོས་གནས་ཇེ་མཐོར་གཏོང་བ་དང་། དངོས་སྒྲུབ་གནད་ལ་འཁེལ་བ་དང་ཕྱོགས་མང་པོ་ནས་རོགས་སྐྱོར་བྱེད་དགོས། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། གཙོ་གནད་མི་ཚོགས་དམ་འཛིན་སྒོས་ཡོང་འབབ་འཕར་སྣོན་གྱི་བྱེད་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་དང་། ཆ་འཕྲིན་འཚོལ་སྡུད་དང་བསྡོམས་རྩིས་ཚད་ལྡན་དུ་བཏང་ནས། གཞི་གྲངས་བདེན་པ་དང་ཕན་ནུས་ལྡན་པར་ཁག་ཐེག་བྱེད་དགོས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། སོན་བཟང་ཁྱབ་སྤེལ་དང་ཆུ་ལོག་དང་ཐན་པ་འགོག་པ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། ཞིང་ལས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རིགས་བཀར་ནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་རོགས་སྐྱོར་དང་སྐུལ་འདེད་གཏོང་དགོས། ལས་ཞུགས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བར་དམིགས་ནས་དག་ཐེར་ལེགས་བཅོས་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་དང་ལས་ཞུགས་མཁྲེགས་གཏོར་གྱི་བྱ་སྤྱོད་གཏིང་ཟབ་ཏུ་སྤེལ་ནས། གྲངས་ཀ་དང་སྤུས་ཚད་གཉིས་ཀ་ཇེ་མཐོར་གཏོང་ཅི་ཐུབ་བྱེད་དགོས། གཙོ་གནད་ས་ཁོངས་འཕེལ་རྒྱས་གཏོང་བར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་ཞན་ཆ་གསབ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་བ་དང་། གནས་སྤོར་གཅིག་བསྡུས་བཀོད་སྒྲིག་ཁུལ་གྱི་ཐོན་ལས་རོགས་སྐྱོར་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། སློབ་གསོ་དང་། སྨན་བཅོས། སྡོད་ཁང་། འཐུང་ཆུ་སོགས་ཀྱི་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས། འཆམ་མཐུན་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱེད་པར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ལ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པའི་དམིགས་འབེན་གཞིར་བཟུང་ནས། སྟོབས་ཤུགས་དང་ཐོན་ཁུངས་གཅིག་གྱུར་གྱིས་འཆར་འགོད་དང་། རྒྱུན་མཐུད་ངང་མི་འདང་ས་དང་ཞན་ཆ་གསབ་དགོས། ལས་གཞིའི་མ་དངུལ་དོ་དམ་བྱེད་པར་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། མ་དངུལ་བེད་སྤྱོད་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། ལས་གཞིར་ཚད་ལྡན་སྒོས་དོ་དམ་བྱེད་པ། རྒྱུ་ནོར་གྱི་རྗེས་མཐུད་གཉེར་སྐྱོང་ལ་དོ་དམ་བྱེད་པ་བཅས་གཟབ་ནན་དུ་གཏོང་དགོས། རོགས་སྐྱོར་རོགས་ལས་ཀྱི་ཕན་འབྲས་དངོས་ལ་དམིགས་ནས་དག་ཐེར་ལེགས་བཅོས་དམ་འཛིན་དང་མཐོར་འདེགས་ལ་སྐུལ་འདེད་བཏང་སྟེ། རང་འགུལ་ངང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་སྤེལ་གཏོང་བའི་བྱ་སྤྱོད་ལེགས་པོར་སྤེལ་ནས། ཕན་འབྲས་དངོས་ཐོན་པར་བརྩོན་ལེན་བྱེད་དགོས།
ཚོགས་འདུའི་སྟེང་། དེབ་གཅིག་ཐོ་གཅིག་དང་འགྲིག་སྐོར་གཅིག་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། གནད་དོན་དག་ཐེར་ལེགས་བཅོས་ཀྱི་རྩིས་ཁྲ་ཡག་པོ་བཟོས་ཏེ། གནད་དོན་གནད་འཁེལ་སྒོས་འཚོལ་ཞིབ་དང་། འགན་འཁྲི་གནད་འཁེལ་ཡོང་བ་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་འཕེལ་རིམ་གྱི་རྩིས་ཐོ་གཏན་འབེབས་ཡག་པོ་བྱས་ནས། བྱེད་ཐབས་ཀྱི་མཚམས་ཚིགས་གསལ་བ་དང་དམིགས་འབེན་དང་ལས་འགན་གསལ་བ། བཀོད་གཏོང་ལྟ་སྐུལ་ལ་ནུས་པ་ལྡན་པ་བཅས་བྱེད་དགོས། ཞིང་ཆེན་ཡོངས་བསམ་ཇུས་གཅིག་ལྟར་རང་འགན་རང་འཁུར་དང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་། གོང་འོག་མཉམ་འགུལ་བཅས་བྱས་ནས། བྱ་བའི་མཉམ་ཤུགས་ཆགས་པར་བྱེད་པ་དང་། གོང་འོག་གཉིས་ཀར་དོ་དམ་དང་མགོ་ཁྲིད་ལས་བྱེད་པས་གཅིག་འགན་གཅིག་ལེན། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། དེ་མིན་ནུས་ལྡན་གྱི་ཉམས་མྱོང་དང་བྱེད་ཐབས་བཟང་པོར་བརྟེན་ནས། ཏང་འཛུགས་སྐྲུན་དམ་འཛིན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་ལམ་སྲོལ་དང་བྱ་དགའ་ཆད་གཅོད་བྱེད་ཐབས་སྔར་ལས་འཐུས་ཚང་དུ་གཏོང་བ། རོགས་སྐྱོར་རོགས་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པ་དང་། གྲོང་གསེབ་དར་སྤེལ་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། མཚོ་ཤར་གྲོང་ཁྱེར་དང་། རྟ་ཐང་རྫོང་། ཀོས་ནན་རྫོང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། ཚོགས་འདུ་བརྙན་རིས་ཀྱི་ལམ་ནས་ཚོགས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་། ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན་བཅས་ཚོགས་འདུར་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར