ལིའུ་གོ་ཀྲུང་གིས་ཧི་པེ་རུ་རྟོག་ཞིབ་བྱས།
2024.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གའོ་ཀྲུང་གིས་ཚེས15ཉིན་ཧི་པེ་རུ་སོང་ནས་མིག་སྔར་གྱི་ཐན་སྐམ་གནས་ཚུལ་དང་ཞིང་ལས་ཐན་འགོག་བྱ་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུ་རིགས་ཐོན་སྐྱེད་དང་གནོད་འགོག་གནོད་སྐྱོབ་དམ་འཛིན་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། འགན་འཁྲི་ལག་བསྟར་བྱེད་པ་དང་མྱུར་དུ་འགུལ་སྐྱོད་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་བེད་བཟོ་སྐྲུན་ལ་བཀོད་གཏོང་བྱེད་པ། ཐན་སྐམ་འགོག་པ་དང་དབྱར་འདེབས་ལ་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་ནས། སྟོན་བསྡུ་ལོ་ལེགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཉེ་ལམ། ཀྲུང་ཧྭའི་བྱང་ཤར་དང་དབུས་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་རྒྱུན་མཐུད་ངང་ཐན་སྐྱོན་བྱུང་ནས། དབྱར་འདེབས་དང་མྱུ་གུ་འབུས་པའི་ལོ་ཏོག་ལ་གནོད་པ་ཐེབས། ལིའུ་གའོ་ཀྲུང་གིས་པོ་ཏིང་གྲོང་ཁྱེར་གྱི་ཞིང་ཁར་སོང་ནས་ཞིང་སའི་གཤེར་ཚད་དང་ཐན་སྐམ་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། འབྲུ་འདེབས་ཞིང་བ་དང་ཞིང་ལས་ལག་རྩལ་མི་སྣ་དང་བརྗེ་རེས་བྱས་ལ། ཡུལ་དངོས་ནས་ཞིང་ལས་ཀྱི་ཐན་སྐམ་ཆུ་གཏོང་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། དབྱར་བསྡུ་དབྱར་འདེབས་དང་དབྱར་སྡོམ་བྱེད་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཁོས་ནན་གྱིས་བསྟན་དོན། དབྱར་འདེབས་འབྲུ་རིགས་ཀྱི་རྒྱལ་ཁྱོན་གྱིས་ལོ་ཧྲིལ་བོའི་འབྲུ་རིགས་ཀྱི་རྒྱ་ཁྱོན་གྱི་བཞི་ཆའི་གཅིག་ཟིན་པ་དང་། ཚ་ཆེ་ཐན་སྐམ་གྱི་གནོད་པ་ཁྱད་སེལ་བྱེད་པ་དང་ཞིང་འདེབས་བྱ་བ་དམ་འཛིན་བྱེད་རྒྱུ་དེ་ལོ་ཧྲིལ་བོའི་འབྲུ་རིགས་ཐད་ནས་ལོ་ལེགས་ཡོང་བར་དོན་སྙིང་གལ་ཆེན་ལྡན།  ཐན་འགོག་ཆུ་ཁུངས་ལ་གཅིག་འདོམས་ལེགས་སྒྲིག་དང་ཚན་རིག་གི་བཀོད་གཏོང་བྱེད་པ་དང་། རིགས་ཆེ་འབྲིང་གི་ཆུ་གཏོང་ཁུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཞིང་ལས་ཐད་ནས་ཆུ་གྲོན་ཆུང་བྱེད་པར་ཤུགས་བསྣན་ནས། ལོ་ཏོག་དུས་ཐོག་ཏུ་འདེབས་པ་དང་མྱུ་གུ་འབུས་པའི་ལོ་ཏོག་གི་ཆུ་གཏོང་དགོས་མཁོ་ལ་འགན་སྲུང་བྱེད་དགོས། ནམ་ཟླའི་ཆ་རྐྱེན་དང་ས་ཆ་སོ་སོའི་དབྱར་འདེབས་ཀྱི་དགོས་མཁོ་ལྟར། དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་མིས་བཟོས་ཆར་འབབ་བྱ་བ་བཟང་བོར་སྤེལ་དགོས། ཞིང་ལས་ཐན་འགོག་ལག་རྩལ་ཀྱི་མཛུབ་སྟོན་དང་ཞབས་ཞུ་ལ་ཤུགས་སྣོན་པ་དང་། དུས་ཚོད་དང་ས་བབ། ཆུ་དང་མྱུ་གུ་འབུས་ཚད་ལ་བསྟུན་ནས་ཐན་འགོག་ཆུ་གཏོང་དང་ཞིང་ཁའི་དོ་དམ་བྱ་བ་སྤེལ་ནས། རིགས་བགར་ནས་རྨོ་འདེབས་དང་ཆུ་གཏོང་བ་སོགས་ཀྱི་ཐན་འགོག་བྱེད་ཐབས་ལག་བསྟར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།