མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅུ་དྲུག་པ་ཞ་མིན་དུ་འཚོགས།
2024.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ6པའི་ཚེས15ཉིན། མཚོ་འགག་གླེང་སྟེགས་ཚོགས་ཆེན་སྐབས་བཅུ་དྲུག་པ་ཞ་མིན་དུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ།

ཝང་ཧུའུ་ཉིང་གིས་ད་ལོའི་ཟླ4པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཡོངས་ཀྱི་ཁེ་ཕན་དང་ཡུན་རིང་གི་བདེ་སྐྱིད་ལ་དམ་པོར་དམིགས་ཏེ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ཁོང་དུ་ཆུད་པར་བྱས་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་བྱ་རྒྱུར་དམིགས་ནས་གསུང་བཤད་གལ་ཆེན་གནང་སྟེ། འགྲམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་དང་ཐའེ་ཝན་མཚོ་འགག་ཞི་བདེ་དང་བརྟན་བརླིང་ཡོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། འགྲམ་གཉིས་ཀྱི་སྤུན་ཟླ་ཚོས་ལོ་རྒྱུས་དང་མི་རིགས་ལ་འགན་འཁུར་བའི་རྣམ་འགྱུར་བཟུང་ནས། ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་དང་ཕྱིའི་ཐེ་གཏོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཁྱིམ་གཞིས་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། མཉམ་དུ་ངོགས་གཉིས་ཀྱི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་ཕྱིར་ལོག་པར་སྐུལ་འདེད་གཏོང་བ་བཅས་སུ་རྩེ་གཅིག་ཏུ་འབད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ཚང་མ་ཀྲུང་གོ་བ་ཡིན་པའི་དབང་གིས། ཚང་མའི་མཆེད་ཁུངས་གཅིག་པ་དང་ཡི་གེ་གཅིག་པ། རིགས་རྒྱུད་གཅིག་པ་ཡིན། ཁྲག་ཆུ་ལས་སྣུམ་པོ་ཡིན་པའི་ཁྱིམ་ཚང་གཅིག་ལྟ་བུ་ཡིན། འགྲམ་གཉིས་རྒྱལ་ཁབ་གཅིག་ལ་གཏོགས་པ་དང་འགྲམ་གཉིས་ཀྱི་སྤུན་ཟླ་མི་རིགས་གཅིག་ལ་གཏོགས་པའི་ལོ་རྒྱུས་ཀྱི་དོན་དངོས་དང་ཁྲིམས་གཞིའི་རྨང་གཞིར་འགྱུར་བ་བྱུང་མེད་ལ་འགྱུར་བ་གཏོང་ཡང་མི་ཐུབ།  “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ཀྱིས་ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་བརླིང་ལ་གཏོར་བཤིག་གཏོང་བ་དང་། ཐའེ་ཝན་སྤུན་ཟླའི་ཁེ་ཕན་དང་བདེ་སྐྱིད་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་བ་བཅས་བྱས་ནས། ཐའེ་ཝན་མཚོ་འགག་གི་དམག་དཔུང་ལ་དམག་འཁྲུག་གི་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པས། བྱས་ཉེས་དེ་དག་གིས་མཇུག་མཐར་ཐའེ་ཝུན་སྤུན་ཟླར་གནོད་འཚེ་ཚབས་ཆེན་བཟོ་ངེས་ཡིན། རྒྱལ་ཁབ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་འདི་ཉིད་རླབས་ཆེན་བསྐྱར་དར་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་ལྡོག་དུ་མེད་པའི་ཆོས་ཉིད་ཅིག་ཡིན། ང་ཚོར་བློ་རྩ་བརྟན་པོ་དང་ཡིད་ཆེས་ཆེན་པོ། ནུས་ཤུགས་ཆེན་པོ་བཅས་ལྡན་པའི་དབང་གིས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་ལྐོག་ཇུས་ཡོད་ཚད་ཐལ་བའི་རྡུལ་དུ་བརླག་པར་འབད་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་ཞི་བདེ་དང་འཕེལ་རྒྱས། བརྗེ་རེས། མཉམ་ལས་བཅས་བྱ་རྒྱུ་ནི། འགྲམ་གཉིས་ཀྱི་སྤུན་ཟླ་ཡོངས་ཀྱི་དམངས་འདོད་གཙོ་བོ་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཐའེ་ཝན་སྤུན་ཟླར་བརྩི་འཇོག་དང་བྱམས་སྐྱོང་། བདེ་སྐྱིད་སྟེར་བར་འབད་དེ།  ཐའེ་ཝན་སྤུན་ཟླའི་ཁེ་ཕན་དང་བདེ་སྐྱིད་རྒྱུན་མཐུད་ངང་ཇེ་ཆེར་གཏོང་བ་དང་། ཐའེ་ཝན་སྤུན་ཟླ་སྔར་ལས་གང་མང་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཞུགས་རྒྱུ་དང་། མི་རིགས་བསྐྱར་དར་གྱི་འཕེལ་རིམ་དངོས་ཀྱི་ཁྲོད་འབད་པས་ཞུགས་རྒྱུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཆེན་པོ་འགྲོ་བའི་རླབས་ཆེན་གཟི་བརྗིད་མཉམ་དུ་ལོངས་སྤྱོད་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན། འགྲམ་གཉིས་ཀྱི་ན་གཞོན་རྣམས་ཕན་ཚུན་འགྲོ་འོང་དང་ཕན་ཚུན་བརྗེ་རེས་གང་མང་བྱེད་པ། ཕན་ཚུན་བར་སེམས་ངོ་སྟོན་པ། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། མི་རིགས་ཀྱི་ལ་རྒྱ་བརྟན་སྲུང་བྱེད་པ། དུས་རབས་ཀྱི་འགན་འཁྲི་ཆེན་པོ་ཕྲག་ཏུ་ལེན་ཕོད་པ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་ཆེད་ལང་ཚོའི་སྟོབས་ཤུགས་ཅི་ཡོད་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།