ལིས་ཆང་གིས་ནེའུ་ཙི་ལན་གྱི་ཙུང་ལི་དང་མཉམ་དུ་ཧིན་རང་བྱུང་སྡེ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ལ་ལྟ་སྐོར་གནང་།
2024.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ས་དེའི་དུས་ཚོད་ཟླ6པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨའོ་ཁི་ལན་དུ། ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སུན་དང་མཉམ་དུ་ནེའུ་ཙི་ལན་ཧིན་རང་བྱུང་སྡེ་ཚོགས་སྤྱི་ཁྱབ་པུའུ་ལ་ལྟ་སྐོར་གནང་།

ལིས་ཆང་དམིགས་སར་འབྱོར་སྐབས། ནེའུ་ཙི་ལན་གྱི་ཙུང་ལི་ལཱ་ཁི་སུན་གྱིས་རླངས་འཁོར་གྱི་འབུད་སྒོ་ནས་བསུ་མ་བྱས། རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་ཧིན་རང་བྱུང་སྡེ་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པའི་སྡེ་ཚོགས་གཉེར་སྐྱོང་དང་ཀྲུང་གོ་རུ་འཕེལ་རྒྱས་འགྲོ་བཞིན་པའི་གནས་ཚུལ་ལ་གསན་རྗེས། ཧིན་རང་བྱུང་ཐོན་རྫས་འགྲེམས་སྟོན་ལ་ལྟ་སྐོར་གནང་བར་མ་ཟད། ཐོན་རྫས་བཟོ་སྐྲུན་འགྲེམས་སྟོན་ལའང་ཞིབ་ལྟ་གནང་།

ལིས་ཆང་གིས་ཧིན་རང་བྱུང་སྡེ་ཚོགས་ཀྱིས་ཀྲུང་གོ་རུ་ལོ་ངོ40ལྷག་གི་རིང་ལ་འབད་འབུངས་བྱས་པ་བརྒྱུད་གཞི་ནས་ཀྲུང་གོ་རུ་ལས་སྒོ་སྔར་ལས་རྒྱ་སྐྱེད་འགྲོ་བཞིན་ཡོད་ཅིང་། དེ་ནི་ཀྲུང་གོ་དང་ནེའུ་ཙི་ལན་གྱི་གཉིས་ཕན་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་བསྡུས་གཟུགས་ཤིག་ཡིན། ཀྲུང་གོའི་ཁྲོམ་རར་དགོས་མཁོའི་སྦས་ཤུགས་ཧ་ཅང་ཆེན་པོ་ཡོད་པ་དང་། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་མངའ་བའི་དབང་གིས། ཧིན་རང་བྱུང་སྡེ་ཚོགས་སོགས་ནེའུ་ཙི་ལན་ཕྱོགས་ཀྱི་ཁེ་ལས་ཀྱིས་མུ་མཐུད་དུ་གོ་སྐབས་དམ་འཛིན་བྱ་རྒྱུར་དགའ་བསུ་ཞུས་པ་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་དང་ཚོང་གཉེར་ཁོར་ཡུག་རྩེ་གྲ་མུ་མཐུད་འབད་པས་སྐྲུན་རྒྱུ། ཕྱི་རྒྱལ་གྱི་དངུལ་གཏོང་ཁེ་ལས་ཀྲུང་གོ་རུ་འཕེལ་རྒྱས་སྔར་ལས་གང་ལེགས་ཡོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས།

རྒྱལ་ཁབ་གཉིས་ཀའི་ཙུང་ལི་ཡིས་ད་དུང་ནེའུ་ཙི་ལན་གྱི་ཞིང་ལས་ལག་རྩལ་འགྲེམས་སྟོན་ལ་མཉམ་དུ་ལྟ་སྐོར་གནང་། ལིས་ཆང་གིས་ཞིང་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནེའུ་ཙི་ལན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་ཁྱབ་ཁོངས་ཤིག་ཡིན། ཕྱོགས་གཉིས་ཀས་ན་ནིང་མིང་རྟགས་བཀོད་པའི་རྒྱལ་ཁབ་གཉིས་ཀའི་ཞིང་ལས་མཉམ་ལས་ཆུ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་གྱི་འཐབ་ཇུས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ནས། ཞིང་ལས་ཐོན་རྫས་ཉོ་ཚོང་ཧུར་ཐག་སྒོས་སྤེལ་རྒྱུ་དང་ཞིང་ལས་ལག་རྩལ་བརྗེ་རེས་ལ་ཤུགས་བསྣན་ཏེ། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་གང་མང་ཐོབ་རྒྱུའི་རེ་ལྟོས་ཆེ་ཞེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།