ཀྲའོ་ལི་ཅི་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་ཉེར་དྲུག་པར་མགོ་འཛིན་བྱས་ཏེ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པ་ཟླ6པའི་ཚེས25ཉིན་ནས་ཚེས28ཉིན་བར་པེ་ཅིང་དུ་འཚོག་རྒྱུའི་གཏན་འབེབས་གནང་།
རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ཉེར་དྲུག་པ་ཚེས17ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པ་ཟླ6པའི་ཚེས25ཉིན་ནས་ཚེས28ཉིན་བར་པེ་ཅིན་དུ་འཚོག་རྒྱུའི་གྲོས་ཐག་བཅད་པ་རེད།
ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གློ་བུར་དོན་རྐྱེན་ལ་ཁ་གཏད་འཇལ་བའི་དོ་དམ་བཅའ་ཁྲིམས་ཀྱི་འཆར་ཟིན་དང་། གྲོང་གསེབ་ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་ཀྱི་འཆར་ཟིན། རྒྱལ་མཚམས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྩིས་གཉེར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། དངུལ་རྩ་བརྟན་ལྷིང་བཅའ་ཁྲིམས་ཀྱི་འཆར་ཟིན། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ཀྱི་འཆར་ཟིན། བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རིག་དངོས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། གཏེར་ཁའི་ཐོན་ཁུངས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་བེད་སྤྱོད་བྱ་རྒྱུའི་དབང་ཆ་སྤྲོད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕཱ་ནཱ་མཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་འགོད་རྒྱུའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་གཞི་བཏོན།
ཨུ་ཡོན་ཀྲང་ཚོགས་འདུའི་ཐོག་གྲོས་འགོ་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་གྲོས་རིམ་ནང་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ཀྲུང་དབྱང་ངེས་རྩིས་སྐོར་གྱི་སྙན་ཞུར་གྲོས་ཞིབ་དང་། 2023ལོའི་ཀྲུང་དབྱང་ངེས་རྩིས་ལ་ཞིབ་བཤེར་དང་ཆོག་མཆན་སྤྲོད་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ལོ་འཁོར་གྱི་ཀྲུང་དབྱང་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་གཞན་དག་སྐོར་གྱི་རྩིས་བཤེར་བྱ་བའི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམངས་གཉེར་དཔལ་འབྱོར་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འབྲེལ་ཡོད་བསྐོ་འཐེན་བྱ་བ་སོགས་ལ་གྲོས་ཞིབ་བྱ་དགོས་པ་སོགས་འདུས།
ཨུ་ཡོན་ཀྲང་གི་ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་སྐོར་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་འབྲེལ་ཡོད་གྲོས་གཞི་སོགས་ཀྱི་ཐད་ནས་སྙན་ཞུ་ཕུལ།
ཤ་བོ་གསེར་མཚོས་བསྒྱུར།