རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།
2024.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་ཉི་ཤུ་པ་ཚེས17ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུར་མགོ་འཛིན་མཛད། ཁོང་གིས་བསྟན་དོན། ཏང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་གཏོང་རྒྱུ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ། རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་བཏང་། ཀྲུང་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གཏོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རྟོག་ཞིབ་སྲིད་གླེང་དང་འགན་སྒྲུབ་ཇུས་འབུལ་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་མཐོར་བཏང་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་ལུགས་གསོ་རིག་སྨན་རྫས་དར་སྤེལ་གོང་འཕེལ་གཏོང་བའི་སྟེང་ཞིབ་འཇུག་ཟབ་མོ་བྱེད་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་དང་འབྲེལ་བའི་གསུང་རབ་སྲུང་སྐྱོབ་དང་ཚན་རྩལ་གསར་གཏོད། སྒྲིག་གཞི་བཅོས་བསྒྱུར། ཐོན་ལས་ཚུལ་སྒྱུར། རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་གནད་དོན་ལ་དམིགས་ནས། མི་དམངས་ཀྱི་བདེ་ཐང་ཇེ་ལེགས་སུ་གཏོང་བ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་གྲོས་གཞི་སྔར་ལས་མང་པོ་ཞིབ་འཇུག་བྱས་ནས་ཕྱིར་འདོན་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་སུ་བཀོད་སྒྲིག་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ན། ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཆེན་པོ་ལྡན་པའི་བསམ་འཆར་དང་གྲོས་གཞི་འདོན་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ཆེད་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་ཆེའི་ན་གཞོན་ལོ་ཆུང་གིས་ཀྲུང་ལུགས་གསོ་རིག་སྨན་རྫས་ལ་རྒྱུས་ལོན་བྱེད་པ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ལ་དགའ་ཞེན་བྱེད་པའི་སྤྲོ་སྣང་དང་སྤྲོ་སེམས་ཆེར་སྐྱེད་དེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་སྐོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་སྐོར་ཞིག་གིས་གཏམ་བཤད། ཚང་མས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་དགེ་མཚན་ཆེད་སྦྱོང་ཚན་ཁག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱས་པའི་ནད་ཐོག་སྨན་བཅོས་ཀྱི་དགེ་མཚན་ནད་རིགས་ཞིབ་འཇུག་བཟང་བོར་སྤེལ་ནས། ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་ཕན་ཚུན་ཁ་གསབ་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་རྩལ་གསར་གཏོད་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱུན་འཛིན་གསར་གཏོད་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་སྣེ་ཁྲིད་འཇོན་མི་དང་གསར་གཏོད་དཔུང་སྡེ་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རིག་གཞུང་ཚན་ཁག་མང་པོའི་ཐད་ཀྱི་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་བསྣན་ནས། གཞི་རིམ་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཐད་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་སྣོན་དགོས།

ཚན་རྩལ་པུའུ་དང་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུའུ། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པར་མ་ཟད། སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་མོལ་བརྗེ་རེས་བྱས།

རིན་ཆེན་མཚོས་བསྒྱུར།