ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡཱའི་ངོ་རྒོལ་ཏང་གི་གཙོ་འཛིན་ཏཱ་ཏོན་དང་མཇལ་འཕྲད་གནང་།
2024.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁན་ཕའེ་ལཱ་རུ་ཨོ་སི་ཁྲུ་ལི་ཡཱའི་ངོ་རྒོལ་ཏང་གི་གཙོ་འཛིན་ཏཱ་ཏོན་དང་མཇལ་འཕྲད་གནང་།

ས་གནས་དེ་གའི་ཟླ་6པའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཁན་ཕའེ་ལཱ་རུ་ཨོ་སི་ཁྲུ་ལི་ཡའི་ངོ་རྒོལ་ཏང་གི་གཙོ་འཛིན་ཏཱ་ཏོན་དང་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་གྱི་འབྲེལ་བ་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་ཧ་ཅང་འཚམ་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་། དར་རྒྱས་བཅས་ལ་ཕན་པ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་དང་མཉམ་དུ། གླེང་མོལ་འབྲེལ་འདྲིས་ལ་སྔར་ལས་ཤུགས་སྣོན་པ་དང་། ཕན་ཚུན་གྱི་ཆབ་སྲིད་ཀྱི་ཡིད་རྟོན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་། འགལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཐོབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་བསྟན་དོན། 1972ལོར་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་པ་ནས་བཟུང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་གྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་ཡུན་རིང་པོར་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད་ལ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པར་བརྟེན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། འདི་ལས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ནི་ཕན་ཚུན་གྱི་གོ་སྐབས་གལ་ཆེན་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། ཨོ་སི་ཁྲུ་ལི་ཡཱའི་ལས་རིགས་སོ་སོས་ཀྲུང་གོའི་འཕེལ་རྒྱས་ལ་ཕྱི་རོལ་གྱི་ལྟ་སྟངས་འཛིན་པ་དང་། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་ཏན་ཏིག་ངང་སྤེལ་བར་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་རེ་བ་བྱེད་ཀྱིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་དེ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་སྟོབས་ཤུགས་གཙོ་བོར་བརྩིས་ཏེ། ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་དང་མཉམ་དུ་ཕྱོགས་མང་ཁྱབ་ཁོངས་སུ་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་ཅིང་། རང་དབང་ཉོ་ཚོང་དར་སྤེལ་གཏོང་བ་དང་། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་བོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད་ཅེས་གསུངས།

ཏཱ་ཏོན་གྱིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཧ་ཅང་གལ་ཆེན་ཡིན། ཨོ་སི་ཁྲུ་ལི་ཡཱའི་ངོ་རྒོལ་ཏང་གིས་ཀྲུང་གོ་དར་རྒྱས་གོང་འཕེལ་སོང་བའི་རྣམ་པ་མཐོང་འདོད་ཆེ་བར་མ་ཟད་ཀྲུང་གོ་འདི་ཉིད་གྲོགས་པོར་བརྩིས་ཏེ།  ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་ཡོང་བར་རེ་བ་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ཡཱའི་ངོ་རྒོལ་ཏང་གིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་བརྗེ་རེས་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།