ས་གནས་དེ་གའི་དུས་ཚོད་ཚེས17ཉིན་གྱི་སྔ་དྲོར། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨའར་པཱ་ཉི་སི་ཡིས་གྲོས་ཚོགས་ཐོག་ཁང་ཆེན་མོའི་མདུན་ཕྱོགས་ཐང་ཆེན་དུ་མཛད་སྒོ་བསྡུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡར་དངོས་གཞིའི་འཚམས་འདྲི་གནང་བར་དགའ་བསུ་ཞུས།
ཙུང་ལི་ལིས་ཆང་འབྱོར་སྐབས་ཙུང་ལི་ཨའར་པཱ་ཉི་སི་རླངས་འཁོར་ནས་བབས་ཏེ་བསུ་མ་བྱས།
གཟབ་སྦྲེང་རུ་ཁག་གིས་གུས་ཞབས་མེ་སྒྱོགས19བསྒྲགས་པ་དང་། ལིས་ཆང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་།
རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཞིབ་བཤེར་སྟེགས་བུའི་སྟེང་ཕེབས་པ་ན་དམག་དཔུང་རོལ་དབྱངས་རུ་ཁག་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།
དགའ་བསུ་མཛད་སྒོ་སྤེལ་རྗེས་ལིས་ཆང་དང་ཨའར་པ་ཉི་སི་གཉིས་ཀྱིས་སྐོར་ཐེངས་དགུ་པའི་ཀྲུང་ཨོའི་ཙུང་ལིའི་ལོ་འཁོར་གྱི་ཐུག་འཕྲད་བྱས།
ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡཱར་རྒྱལ་དོན་འཚམས་འདྲི་གནང་བ་དང་ཀྲུང་ཨོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་རེད། ལོ10ཡི་རིང་གི་ཀྲུང་ཨོ་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་མིག་བལྟས་ཚེ། ཉམས་མྱོང་གི་བློ་སྒོ་གལ་ཆེ་ཤོས་ནི་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག གཉིས་ཕན་མཉམ་ལས་བཅས་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་དང་མཉམ་དུ་སྔར་ལས་གནད་སྨིན་འཐུས་ཚང་དང་བརྟན་ལྷིང་། སྔར་ལས་གྲུབ་འབྲས་ལྡན་པའི་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་གཏོད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་ཨོའི་འབྲེལ་བའི་ངོ་བོའི་ཁྱད་ཆོས་ནི་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་། ཀྲུང་ཨོའི་འཕེལ་རྒྱས་ནི་ཕན་ཚུན་ལ་མཚོན་ན་གོ་སྐབས་ཡིན་པ་ལས་འགྲན་སློང་མིན། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡཱ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་དང་། ཀྲུང་ཨོའི་འཐབ་ཇུས་དཔལ་འབྱོར་བརྗེ་རེས་སོགས་ཀྱི་ལམ་སྲོལ་ཡག་པོ་སྤྱད་དེ་ཚོང་དོན་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་དང་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གློག་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ས་གནས་དང་རིག་གནས་ཡུལ་སྐོར་སོགས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་འདྲ་མཉམ། མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་མཁོ་འདོན་བྱས་ནས་ཕྱོགས་གཉིས་ཀྱི་མི་སྣའི་འགྲོ་འོང་ལ་སྟབས་བདེ་སྔར་ལས་མང་པོ་སྐྲུན་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་ས་ཁུལ་དང་རྒྱལ་སྤྱིའི་རིམ་པའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ་དང་། ས་ཁུལ་དེ་གའི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནས་འགོ་བཙུགས་ཏེ་དཔུང་ཁག་གི་འགྲན་རྒོལ་དང“འཇམ་འཐབ་གསར་པ”ལ་ངོ་རྒོལ་བྱས་ནས་སྒོ་འབྱེད་བསྐྱེད་ཡངས་དང་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་གསུངས།
ཨའར་པཱ་ཉི་སི་ཡིས་བསྟན་དོན། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོས་འཛམ་གླིང་དབུལ་པོ་ཇེ་ཉུང་དུ་གཏོང་བའི་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་ལས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་བྱེད་མི་སྲིད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་ཇེ་ལེགས་དང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་སློབ་མ་དང་ཡུལ་སྐོར་བ་སྔར་ལས་མང་པོ་ཨོ་སི་ཁྲུ་ལི་ཡཱར་སློབ་སྦྱོང་དང་ཡུལ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་དང་། ཀྲུང་ཨོའི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་མཉམ་དུ་སྲུང་སྐྱོང་བཅས་བྱ་རྒྱུའི་མོས་མཐུན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་ལི་ཡ་ཕྱོགས་གཅིག་གི་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་ཁོངས་སུ་བཅུག་ནས་ཕྱོགས་གཉིས་ཀྱིས་ཡུལ་སྐོར་དང་ཚོང་དོན། གཉེན་ཉེར་འཚམས་འདྲི་བཅས་བྱེད་མཁན་ལ་ལོ3ནས5བར་རྒྱལ་ཁོངས་སུ་ཡོང་བའི་ཐོངས་མཆན་ཐེངས་མང་སྤྲོད་རྒྱུའི་མོས་མཐུན་བྱུང་།
མཇལ་འཕྲད་གནང་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་འཐབ་ཇུས་དཔལ་འབྱོར་བརྗེ་རེས་དང་རང་མོས་ཚོང་དོན་གྲོས་མཐུན་ལག་བསྟར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་བདེན་དཔང་གནང་བར་མ་ཟད་གསར་འགོད་པར་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས《ཀྲུང་ཨོའི་ཙུང་ལིའི་ལོ་འཁོར་གྱི་ཐུག་འཕྲད་མཉམ་འབྲེལ་གྲུབ་འབྲས་གསལ་བསྒྲགས》སྤེལ།
ཐུག་འཕྲད་མ་བྱས་གོང་རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་ཁྱབ་ཁོངས་ཆུང་བའི་གྲོས་མོལ་གནང་།
ཤ་བོ་གསེར་མཚོས་བསྒྱུར།