ལིས་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་མཉམ་དུ་ཀྲུང་ཨོའི་བཟོ་ཚོང་ལས་རིགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་གྱི་སྒོར་ཅོག་ཚོགས་འདུ་སྐབས་བདུན་པར་ཞུགས།
2024.06.18 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 152

ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པོ་སི་རུ་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨའར་པཱ་ཉི་སི་དང་མཉམ་དུ་ཀྲུང་ཨོའི་བཟོ་ཚོང་ལས་རིགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་གྱི་སྒོར་ཅོག་ཚོགས་འདུ་སྐབས་བདུན་པར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་གཏམ་བཤད་ལ་གསན་རྗེས་ལིས་ཆང་གིས་ཀྲུང་ཨོའི་བར་འབྲེལ་བ་བཙུགས་ནས་ལོ52རིང་བརྒྱུད་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་ལམ་ལུགས་དང་ལྟེ་བའི་ཁེ་ཕན་ལ་བརྩི་འཇོག་བྱས་ཚེ་ཕན་ཚུན་ཡིད་ཆེས་ཀྱི་རྨང་རྡོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་ཐུབ་ཅིང་། ལྷག་བསམ་ཟོལ་མེད་ངང་གླེང་མོལ་དང་ཁོང་ཡངས་བསམ་ཤེས་རྒྱུན་འཁྱོངས་བྱས་ཚེ་འགལ་བ་དང་མི་མཐུན་པའི་དོ་དམ་ཚོད་འཛིན་ཡག་པོ་བྱེད་ཐུབ་ལ། སྒོ་འབྱེད་མཉམ་ལས་དང་ཕན་ཚུན་གྲུབ་འབྲས་ཐོབ་པའི་ཁོག་རྒྱ་བཟུང་ན་གཉིས་ཕན་མཉམ་རྒྱལ་གྱི་གྲུབ་འབྲས་སྔར་ལས་མང་པོ་ཐོབ་ཐུབ། ང་ཚོས་རྩ་ཆེའི་ཉམས་མྱོང་དེ་དག་ཁྲོད་ནས་བློ་གྲོས་དང་བློ་སྒོ་འབྱེད་ཐུབ་པ་བྱས་ཏེ་མཛའ་གྲོགས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོ་བརྟན་པོར་བཟུང་ནས་ཀྲུང་ཨོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཡུན་རིང་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

ལིས་ཆང་གིས་བསྟན་དོན། ཀྲུང་ཨོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ཁྲོད་བཞག་ནས་ཞིབ་ལྟ་བྱས་ཏེ་འཕེལ་ཕྱོགས་ཆེན་པོ་སྔར་ལས་ལེགས་པར་ཁོང་དུ་ཆུད་དགོས། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འཕེལ་རྒྱས་ལས་ཕན་ཚུན་ལ་ཁེ་ཕན་ཐོབ་པ་དང་། འབྲེལ་བ་ཟབ་པའི་ཁེ་ཕན་ཐུན་མོང་ཚོགས་པ་ཞིག་ཡིན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ལེགས་ཆ་གསབ་རེས་བྱེད་པ་དང་། རང་བྱུང་གི་མཉམ་ལས་གྲོགས་པོ་ཡིན། ཀྲུང་ཨའོ་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པ་དེ་ནི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་དང་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ནས་མཉམ་ལས་ཁྱབ་ཁོངས་གསར་པ་རྒྱ་སྐྱེད་ཤུགས་ཆེན་གཏོང་བ་དང་། མིས་བཟོས་རིག་ནུས་སོགས་མ་འོངས་ཐོན་ལས་ཧུར་ཐག་གིས་བཀོད་སྒྲིག་བྱེད་པ། ཀྲུང་ཨོ་ཡི་ཁྱབ་ཁོངས་ཆེ་བའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད། ཀྲུང་གོས་བཅོས་བསྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཇུས་འགོད་བྱེད་བཞིན་ཡོད་པ་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་པོའི་ངང་རྒྱ་ཆེར་གཏོང་བཞིན་ཡོད། ཁེ་ལས་པ་ཚོས་གོ་སྐབས་དམ་འཛིན་དང་ལག་རྡང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་འཕེལ་རྒྱས་དང་མཉམ་ལས་ཀྱི་གྲུབ་འབྲས་ཟམ་མི་ཆད་པར་སྔར་ལས་མང་པོ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཨའར་པཱ་ཉི་སི་ཡིས་ཤིས་ཚིག་ནང་བསྟན་དོན། མིག་སྔར་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་ལེགས་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་མཉམ་ལས་སྤྲོ་སེམས་ཆེ་རུ་ཕྱིན་ཡོད། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མ་འོངས་པར་ཁ་ཕྱོགས་པ་དང་། ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་གཏོང་བ། ཐུན་མོང་གི་འགྲན་སློང་ལ་ཁ་གཏད་འཇལ་བ། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པ་བཅས་བྱས་ནས་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར། 

ཤ་བོ་གསེར་མཚོས་བསྒྱུར།