ས་གནས་དེ་གའི་དུས་ཚོད་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་ཨའར་པཱ་ཉི་སི་གཉིས་པོ་སི་རུ་ཨོ་སི་ཁྲུ་ལི་ཡཱའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བས་བསྡུས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཨོ་སི་ཁྲུ་ལི་ཡཱའི་ལས་རིགས་ཁག་ནས་ཡོང་བའི་ཕྱིར་སྡོད་རང་མི་དང་ཕྱི་སྡོད་ཀྲུང་གོ་བའི་འཐུས་མི350ཙམ་གསོལ་སྟོན་ལ་ཞུགས།
ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡཱར་ཡུལ་སྐོར་དུ་ཡོང་བའི་རྒྱ་ཆེའི་རང་མིའི་སྤུན་ཟླ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ལིས་ཆང་གིས་བསྟན་དོན། 2014ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡཱར་རྒྱལ་དོན་འཚམས་འདྲི་གནང་བ་དང་ཀྲུང་ཨོའི་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ཡོད་ལ། ལོ10ཡི་རིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། སྐྱོན་བྲལ་བརྟན་ལྷིང་གི་ཀྲུང་ཨོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་ལ་ས་ཁུལ་རྒྱལ་ཁབ་དག་གི་ཐུན་མོང་རེ་སྒུག་དང་ཡང་མཐུན་ཡོད་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད། ངས་ད་ཐེངས་ཨོ་སི་ཁྲུ་ལི་ཡཱར་འཚམས་འདྲི་གནང་སྐབས་ཨོ་སི་ཁྲུ་ལི་ཡཱའི་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལས་རིགས་ཁག་གི་མི་སྣ་དང་འབྲེལ་འདྲིས་རྒྱ་ཆེར་བྱས་པ་དང་། ཨོ་སི་ཁྲུ་ལི་ཡཱའི་ལས་རིགས་ཁག་གིས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་འབྲེལ་བ་འཕེལ་རྒྱས་ཡག་པོ་དང་སྲུང་སྐྱོང་ཡག་པོ་བྱ་རྒྱུར་ཐུན་མོང་གི་རེ་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་རེ་སྒུག་ཡོད་པ་ཚོར་བྱུང་། ཕྱོགས་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་ལ་གཞིགས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཨོའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་བྱུང་།
ལིས་ཆང་གིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་གྱི་བབ་བསྟུན་ནུས་པ་ཆེ་བ་དང་། སྦས་ཤུགས་ཆེ་བ། གསོན་ཤུགས་ཆེ་བས་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འཕེལ་ཕྱོགས་ལ་འགྱུར་ལྡོག་ཡོང་མི་སྲིད། ང་ཚོར་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱེད་པའི་ཡིད་ཆེས་དང་ནུས་པ་ཡོད། དཔལ་འབྱོར་དར་རྒྱས་གོང་འཕེལ་དང་སྔར་ལས་སྒོ་འབྱེད་ཀྱི་ཀྲུང་གོས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་གཉིས་ཕན་མཉམ་ལས་ལ་གོ་སྐབས་གསར་པ་སྔར་ལས་མང་པོ་སྐྲུན་ངེས་ཡིན་ལ། འཛམ་གླིང་དཔལ་འབྱོར་ལ་སྒུལ་ཤུགས་ཤུགས་ཆེན་ཡང་སྣོན་ངེས་ཡིན། ཨོ་སི་ཁྲུ་ལི་ཡཱར་ཡུལ་སྐོར་དུ་འགྲོ་བའི་ཀྲུང་གོ་བ་དང་ཕྱི་སྡོད་ཀྲུང་གོ་བ་ནི་ཨོ་སི་ཁྲུ་ལི་ཡཱའི་སྣ་མང་སྤྱི་ཚོགས་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡཱའི་དཔལ་འབྱོར་དང་རིག་གནས། དམངས་ཁྲོད་བཅས་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་ཆེད་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ཚང་མས་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་དུ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་ཧུར་ཐག་སྒོས་སྐུལ་འདེད་བཏང་ནས་ཀྲུང་ཨོའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་ཡོང་ཆེད་ལེགས་སྐྱེས་སྔར་ལས་མང་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཨའར་པཱ་ཉི་སི་ཡིས་ཤིས་ཚིག་འབུལ་སྐབས་ཨོ་སི་ཁྲུ་ལི་ཡཱར་ཡོད་པའི་ཕྱི་སྡོད་ཀྲུང་གོ་བས་ཨོ་སི་ཁྲུ་ལི་ཡཱའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། སྣ་མང་རིག་གནས་དར་རྒྱས་ཡོང་ཆེད་ཧུར་ཐག་གིས་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་དཔལ་འབྱོར་གྱིས་ཕན་ཚུན་གསབ་རེས་བྱེད་པ་དང་། ཀྲུང་གོའི་འཕེལ་རྒྱས་ལས་ཨོ་སི་ཁྲུ་ལི་ཡཱར་ཕན་པ་ཐོབ་ཡོད། ཨོ་སི་ཁྲུ་ལི་ཡཱ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཨོ་སི་ཁྲུ་ལི་ཡཱ་དང་ཀྲུང་གོའི་འབྲེལ་བར་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།