ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འོས་སྦྱོར་དཔྱད་འདེམས་བྱ་བ་ཡག་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས། 《བརྡ་ཐོའི》ནང་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ད་ལོར་ཐོག་དང་པོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་གཟེངས་བསྟོད་བྱེད་པའི་གཏན་འབེབས་བྱས་ཡོད།
《བརྡ་ཐོ》ནང་འོས་སྦྱོར་དཔྱད་འདེམས་བྱ་བའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གིས་དཔྱད་འདེམས་གཟེངས་བསྟོད་བྱ་བར་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ཚད་གཞི་རྒྱུན་འཁྱོངས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་གནད་བླང་བྱ་སྲ་བརྟན་དུ་བཏང་ནས། བྱས་རྗེས་དངོས་ཀྱི་ཕྱོགས་སྟོན་འབུར་ཐོན་ཡོང་བར་བྱ་དགོས།
《བརྡ་ཐོའི》ནང་འོས་སྦྱོར་དཔྱད་འདེམས་ཀྱི་ཁྱབ་ཁོངས་དང་ཆ་རྐྱེན་ཁ་གསལ་བཟོས་ཡོད། 2019ལོ་ནས་བཟུང་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་བྱས་རྗེས་འབུར་ཐོན་བཞག་པའི་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་ཚང་མ་འོས་སྦྱོར་བྱས་ཆོག་པ་དང་། ཆ་རྐྱེན་དང་མཐུན་པའི་ཚེ་འདས་མི་སྣ་རྗེས་འདེད་བྱས་ཆོག འོས་སྦྱོར་བྱ་ཡུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་ཞིག་ཡིན་དགོས།
ཤ་བོ་གསེར་མཚོས་བསྒྱུར།