མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡིས་སྒོ་བྱང་བཀལ།
2024.06.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཟླ6པའི་ཚེས18ཉིན། རྒྱལ་ཁབ་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་དང་། རྒྱལ་ཁབ་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན། ཅུའུ་ཀྲང་གཞོན་པ་སུང་ཞིན་ཁྲུན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་སྒོ་བྱང་བཀལ་བ་དེས་ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་རྒུད་སྐྱོབ་སྤྱི་ཁྱབ་རུ་ཁག་དང་། ཡན་ལག་རུ་ཁག རུ་ཁག་ཆེན་མོ་བཅས་ཀྱིས་སྡོད་ཡུལ་གྱི་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་སྒོ་བྱང་འགེལ་བའི་བྱ་བ་དངོས་སུ་མགོ་བརྩམས་པ་མཚོན་ཞིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་བཅས་རིམ་པ་གཉིས་ཀྱི་མེ་འགོག་མེ་གསོད་རྒུད་སྐྱོབ་ཅུའུ་ཡི་སྒོ་བྱང་འགེལ་བའི་བྱ་བ་སོ་སོ་ཟླ6པའི་ཟླ་མཇུག་ལ་ཡོངས་སུ་འགྲུབ་པར་བྱ་རྒྱུ་རེད།

སྤྱི་ཁྱབ་རུ་ཁག་མན་གྱི་མེ་འགོག་མེ་གསོད་རྒུད་སྐྱོབ་རུ་ཁག་གིས་སྡོད་ཡུལ་གྱི་མེ་འགོག་མེ་གསོད་རྒུད་སྐྱོབ་རུ་ཁག་གི་སྒོ་བྱང་བཀལ་བ་དང་། དེ་ནི་ཏང་ཀྲུང་དབྱང་གི་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་འགོག་མེ་གསོད་རྒུད་སྐྱོབ་རུ་ཁག་དག་སྒྲིག་བཅོས་སྒྱུར་བྱ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། སྒོ་བྱང་བཀལ་རྗེས། རིམ་པ་སོ་སོའི་མེ་འགོག་མེ་གསོད་རྒུད་སྐྱོབ་རུ་ཁག་དེ་སྔར་ལས་ལྷག་པར་ས་གནས་དེ་གའི་ཏང་ཨུའི་སྲིད་གཞུང་བྱ་བའི་ཁྱོན་ཡོངས་ལ་ཞུགས་པ་དང་། ས་གནས་རང་གི་མེ་འགོག་མེ་གསོད་ལྟ་སྐུལ་དོ་དམ་གྱི་ལས་འགན་འཁུར་ཞིང་། ས་གནས་སྲིད་གཞུང་གི་ཆེད་བསྐོས་ལས་འགན་ཁུར་བའི་མེ་འགོག་མེ་གསོད་རུ་ཁག་ཚད་ལྡན་སྒོས་འཛུགས་སྐྲུན་དང་དོ་དམ་བྱེད་པ་དང་། མེ་འགོག་མེ་གསོད་ཁྲིམས་བསྟར་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། མེ་འགོག་མེ་གསོད་བདེ་འཇགས་བཅོས་སྐྱོང་རྣམ་པ་དེ་བྱ་བ་མ་བསྒྲུབ་སྔོན་ལ་སྔོན་འགོག་བྱེད་པར་ཚུལ་སྒྱུར་བྱས་ཏེ། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་གང་ལེགས་ཞུ་རྒྱུ་རེད།

མཛད་སྒོའི་སྟེང་། ཟབ་ཞུགས་མི་སྣས་ཆུ་ཁོངས་ཀྱི་རྒུད་སྐྱོབ་ཆེད་ལས་རུ་ཁག་གི་སྒྲིག་ཆས་འགྲེམ་སྟོན་ལ་བལྟས་ཤིང་། བརྙན་རིས་ལས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུའི་བཞུར་རྒྱུད་ཀྱི་གཙན་ཚའི་ས་མཚམས་དང་། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རྨ་ཆུའི་ཟམ་ཆེན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚ་འདམ་ཆེ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཚ་འདམ་ཆུང་བའི་མཚོ་དང་། ན་གོར་མོ་གྲོང་ཁྱེར་གྱི་ལིའུ་ཙི་མཚོ་དང་ཞའོ་ཀན་འགག་ཆུ་གློག་ས་ཚིགས་བཅས་ཀྱིས་སྤེལ་བའི2024ལོའི་ཆུ་ལོག་སྔོན་འགོག་གི་འཕྲལ་བསྟུན་རྒུད་སྐྱོབ་ཀྱི་དངོས་འཐབ་སྦྱོང་བརྡར་བཅས་ལ་ལྟ་སྦྱོང་བྱས།

ལྷ་མོ་འཚོས་བསྒྱུར།