ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཱ་ལེ་ཞི་ཡའི་རྒྱལ་ཁབ་ཀྱི་གོང་མའི་ཕོ་བྲང་དུ་མཱ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་ཐོག་མར་དབྱི་པུའུ་ལཱ་ཞིན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་། ལིས་ཆང་གིས་བསྟན་དོན། ངས་ད་ཐེངས་མཱ་ལེ་ཞི་ཡར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་མཱའི་འབྲེལ་བ་དང་མཉམ་ལས་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱེད་པ། འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱེད་པ། ཀྲུང་གོ་དང་མཱ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ལིས་ཆང་གིས་བསྟན་དོན། ཀྲུང་མཱ་ཡིས་ཕན་ཚུན་གྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྒྱལ་ཁབ་ཕན་ཚུན་རང་རང་གི་གནས་ཚུལ་དང་མཐུན་པའི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱག་པ་དང་། ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་སྔར་ལས་འདོན་སྤེལ་ལེགས་པོ་བྱེད་པ། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གཞི་ཁྱོན་ཆེ་རུ་བཏང་ནས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་མཱ་ལེ་ཞི་ཡར་དངུལ་གཏོང་དང་ལས་གཉེར་བྱེད་དུ་བསྐྱོད་པར་ལྕག་སྐུལ་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སློབ་གསོ་དང་ན་གཞོན་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྔར་ལས་ཤུགས་སྣོན་བརྒྱག་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་རྟག་ཏུ་ཕར་འགྲོ་ཚུར་འོང་བྱ་རྒྱུར་སྐུལ་མ་བཏང་སྟེ་ཀྲུང་གོ་དང་མཱ་ལེ་ཞི་ཡའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས།
དབྱི་པུའུ་ལཱ་ཞིན་གྱིས་ལིས་ཆང་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བརྒྱུད་བསྒྲགས་གནང་། དབྱི་པུའུ་ལཱ་ཞིན་གྱིས་མཱ་ལེ་ཞི་ཡ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ་དཔལ་འབྱོར་ཚོང་དོན་དང་། ཚན་རྩལ། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱག་པ་དང་། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་མཱ་ལེ་ཞི་ཡཱ་རུ་དངུལ་གཏོང་དང་ལས་གཉེར་བྱེད་དུ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།