ལིས་ཆང་དང་མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་མཉམ་དུ་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་ཀྲུང་མཱའི་མཛའ་མཐུན་ལོའི་སྣེ་ལེན་ཚོགས་འདུར་ཞུགས།
2024.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ས་དེའི་ཟླ6པའི་ཚེས19ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཅི་ལུང་ཕའོ་ནས་མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་དང་མཉམ་དུ་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་ཀྲུང་མཱའི་མཛའ་མཐུན་ལོའི་སྣེ་ལེན་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གལ་ཆེན་སྤེལ། ཀྲུང་མཱ་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོའི་འཐུས་མི་སྟོང་ལྔ་ཙམ་ཚོགས་འདུར་ཞུགས་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། ཀྲུང་གོ་དང་མཱ་ལེ་ཞི་ཡཱ་ནི་སྟོང་ལོའི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་དང་ཁ་སེམས་མཐུན་པའི་བློས་ཐུབ་གྲོགས་པོ་དང་མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་ཡིན། ཀྲུང་མཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུར་ཕྱིར་དྲན་བྱས་ཚེ། རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་རང་བདག་དང་མཉམ་ལས་མཉམ་རྒྱལ། ཕན་ཚུན་རོགས་རེས། མི་གཞུང་འབྲེལ་འདྲིས་བཅས་རྒྱུན་འཁྱོངས་བྱས་ཡོད་ཅིང་། དེ་དག་ནི་ཀྲུང་མཱའི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་བསགས་པའི་ཉམས་མྱོང་གལ་ཆེན་ཡིན་ལ། ཕྱོགས་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཡང་ཡིན།

ལིས་ཆང་གིས་བསྟན་དོན། ད་ལོ་ནི་ཀྲུང་མཱའི་མཛའ་མཐུན་ལོ་ཡིན་པས་མཛའ་མཐུན་དེ་ཀུན་ལས་ལྷག་པ་དང་དེང་སྐབས་ཀྱི་དུས་རབས་སུ་ལྷག་ཏུ་རྩ་ཆེན་ཡིན། ང་ཚོ་གནས་སའི་འཛམ་གླིང་འདིར་ཞི་བདེ་དང་ལྷིང་འཇགས་དཀོན་པ་ལས་རྩོད་གླེང་དང་འཁྲུག་རྩོད་མིན། གནས་ལུགས་དང་ཞི་བདེ་དཀོན་པ་ལས་སྤྱོད་ལོག་དང་རྩུབ་སྤྱོད་མ་ཡིན། གཞན་བསྟུད་བསམ་བློ་དཀོན་པ་ལས་རང་ཉིད་གཙོར་འཛིན་མ་ཡིན། སྒོ་འབྱེད་མཉམ་ལས་དཀོན་པ་ལས་བཀག་སྡོམ་ངོ་རྒོལ་མ་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལ་དོ་སྣང་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་ལ་བཟོད་སྒོམ་བྱེད་པར་དོ་སྣང་བྱེད་དགོས། ཀྲུང་མཱ་རྒྱལ་ཁབ་གཉིས་ཀྱིས་མཛའ་མཐུན་ལོའི་བྱ་འགུལ་སྤེལ་བ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཆེད་ཡིན་པར་མ་ཟད། མཛའ་མཐུན་གྱི་སྙིང་སྟོབས་ཤིག་དར་སྤེལ་བྱེད་དགོས་ལ། འཛམ་གླིང་སྟེང་སྔར་ལས་མང་བའི་མིས་སེམས་ཤུགས་གཅིག་སྒྲིལ་དང་ལག་རྡང་སྦྲེལ་ནས་མ་འོངས་པར་བསྐྱོད་པའི་འབོད་སྐུལ་གཏོང་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། འདས་སོང་དང་ད་ལྟ། མ་འོངས་པ་གང་ཡིན་ཡང་། མཛའ་མཐུན་ནི་ཀྲུང་མཱ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་རང་མདངས་ངོ་མ་ཡིན། ཀྲུང་མཱའི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་གནས་ཤིག་གསར་བའི་སྟེང་ཡོད་པས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་དེ་ཚེ་རབས་བར་དུ་རྒྱུན་འཛིན་བྱེད་དུ་འཇུག་པ་ནི་ཕྱོགས་གཉིས་ཀྱི་ཐུན་མོང་གི་སེམས་འདུན་ཡིན། ང་ཚོས་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ཀྲུང་མཱའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་འཛུགས་བྱེད་པ་དེ་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཕྱོགས་སོ་སོར་བརྒྱུས་དགོས་པ་དང་། འཕེལ་རྒྱས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་བསྟུད་མར་ཐུན་མོང་ཁེ་ཕན་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཐོགས་སྔར་ལས་ཆེན་པོ་འབྱུང་དུ་འཇུག་དགོས། བརྗེ་རེས་དཔེར་ལེན་གཏིང་ཟབ་ཏུ་གཏོང་བ་དང་མི་དམངས་མཛའ་མཐུན་གྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། རྒྱུན་ཆད་མེད་པར་ཀྲུང་མཱའི་མི་དམངས་ཀྱི་མཛའ་བརྩེའི་སྦྲེལ་ཐག་དམ་པོར་བྱེད་དགོས། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱས་ཏེ། ཤུགས་ཆེན་པོས་ཞི་བདེ་ལྷིང་འཇགས་དང་དར་རྒྱས་མཛེས་སྡུག མཛའ་མཐུན་མཉམ་གནས་ཀྱི་ཨེ་ཤ་ཡཱའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

ཨན་ཝ་ཨར་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། མཱ་ཀྲུང་གི་མཛའ་མཐུན་ལོ་རྒྱུས་རྒྱུན་རིང་ཞིང་། ལོ་ངོ་ལྔ་བཅུའི་སྔོན་མཱ་ཀྲུང་གི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་བར་འབྲེལ་བ་འཛུགས་རྒྱུ་ཐག་གཅོད་བྱས་པའི་ཚུན་ལ། མཱ་ཀྲུང་གི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ནས་མཱ་ཀྲུང་གི་འབྲེལ་བར་ལྟ་སྟངས་ཡག་པོ་འཛིན་པ་དང་། མཱ་ཀྲུང་གི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་གཏོང་བ་དེ་མཱ་ལེ་ཞི་ཡཱའི་གཞི་རྩའི་ཁེ་ཕན་དང་འཙམ་པ་ཡིན། མཱ་ཀྲུང་གི་འབྲེལ་བ་དེར་འོད་སྟོང་ལྡན་པའི་འདས་སོང་ཡོད་པར་མ་ཟད། རེ་བས་ཁེངས་པའི་མ་འོངས་པའང་ཡོད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་འདོན་ལ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་་གོའི་ཕྱོགས་དང་མཉམ་དུ་ཉོ་ཚོང་དང་དངུལ་གཏོང་། འབྲུ་རིགས། ནུས་ཁུངས། གཞི་གྲངས་དཔལ་འབྱོར། ཁོར་ཡུག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཤར་ཕྱོགས་མཚོ་འགྲམ་ལྕགས་ལམ་དང་རྒྱལ་ཁབ་གཉིས་ཀྱི་གླིང་ག་གཉིས་ཀྱི་ལས་གཞི་སོགས་ལས་གཞི་མང་བོར་སྐུལ་འདེད་གཏོང་བ་དང་། དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་བྱས་ནས་མཉམ་དུ་མཱ་ཀྲུང་གི་འབྲེལ་བའི་དུས་རབས་གསར་བ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

སྣེ་ལེན་ཚོགས་འདུའི་སྔོན་ལ། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་མཉམ་དུ་ཀྲུང་མཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་པར་རིས་འགྲེམ་སྟོན་ལ་བལྟས་པ་ར་མ་ཟད། ཕན་ཚུན་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་རྗེས་དྲན་དྲན་རྟེན་བྱིན།

ཝུའུ་ཀྲིན་ལུང་གོང་གི་བྱ་འགུལ་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།