ལིས་ཆང་ཅི་ལུང་ཕའོ་རུ་འབྱོར་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་འགོ་བརྩམས། 
2024.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21


ཟླ6པའི་ཚེས18ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཆེད་བཏང་གནམ་གྲུར་བསྡད་དེ་ཅི་ལུང་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་འགོ་བརྩམས། 

མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝའར་གྱི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ས་གནས་དེ་གའི་དུས་ཚོད་ཟླ6པའི་ཚེས18ཉིན་གྱི་དགོང་མོར་ཆེད་བཏང་གནམ་གྲུར་བསྡད་དེ་ཅི་ལུང་ཕའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་བྱེད་འགོ་བརྩམས། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཝུའུ་ཀྲིན་ལུང་སོགས་ཕེབས་རོགས་མི་སྣ་གནམ་གྲུ་གཅིག་ཏུ་བསྡད་ནས་གནས་དེར་འབྱོར། 

མཱ་ལེ་ཞི་ཡའི་འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་དང་མཱ་ལེ་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཨོའུ་དབྱང་ཡུས་ཅིན་སོགས་གནམ་གྲུ་ཐང་དུ་ཕེབས་ནས་བསུ་མ་བྱས། 

ལིས་ཆང་གིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ50ཡི་རིང་ལ། ཀྲུང་གོ་དང་མཱ་ལེ་ཞི་ཡའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་འཁྱོངས་དང་། འཐབ་ཇུས་སྟེང་ཕན་ཚུན་ཡིད་ཆེས་རྒྱུན་མཐུད་སྲ་བརྟན་དུ་ཕྱིན་ལ། མི་གཞུང་བརྗེ་རེས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་ཡོད་ཀྱི་བདེ་སྐྱིད་བསྐྲུན་ཡོད་ཅིང་། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་བྱས་རྗེས་ཀྱང་བཞག་ཡོད། 

ལིས་ཆང་གིས་བསྟན་དོན། ན་ནིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ལི་ཨན་ཝ་ཨར་བར་ཀྲུང་གོ་དང་མཱ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས་ཀྲུང་གོ་དང་མཱ་ལེ་ཞི་ཡའི་འབྲེལ་བའི་ལེའུ་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་ཀྲུང་གོ་དང་མཱ་ལེ་ཞི་ཡཱ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་འགོ་འཛུགས་ས་གསར་པར་བྱེད་པ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་རྒྱག་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་གོ་དང་མཱ་ལེ་ཞི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་། འཕེལ་རྒྱས་དར་རྒྱས་བཅས་ལ་སྟོབས་ཤུགས་སྔར་ལས་ཆེ་བ་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཨོ་སི་ཁྲུ་ལི་ཡར་དངོས་གཞིའི་འཚམས་འདྲི་བྱས་པ་དང་ཙུང་ལི་ཨ་ཨར་པཱ་ཉི་སི་དང་ཀྲུང་ཨོའི་ཙུང་ལིའི་ལོ་འཁོར་གྱི་རེས་སྐོར་དགུ་པའི་ཐུག་འཕྲད་མཇུག་སྒྲིལ་རྗེས་ཅི་ལུང་ཕའོ་རུ་འབྱོར་བ་རེད། པོ་སི་ནས་ཁ་བྲལ་སྐབས་ཨོ་སི་ཁྲུ་ལི་ཡའི་ཚོང་དོན་པུའུ་ཀྲང་ཧྥ་རུའེ་ཨར་དང་། ཐོན་ཁུངས་པུའུ་ཀྲང་མཱ་ཏི་ལིན·ཅིན། ཨོ་སི་ཁྲུ་ལི་ཡའི་ནུབ་མའི་ཀྲོའུ་ཀྲང་ཁུའུ་ཁི། ཨོ་སི་ཁྲུ་ལི་ཡ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཞའོ་ཆན་སོགས་གནམ་གྲུ་ཐང་དུ་སྐྱེལ་མ་བྱེད་དུ་ཡོང་།

ཤ་བོ་གསེར་མཚོས་བསྒྱུར།