ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
2024.06.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

ཟླ6པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས

ཞི་ཅིན་ཕིང་གིས་བསྟན་དོན། མིས་བཟོས་རིག་ནུས་ནི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་སྐུལ་འདེད་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད། ཀྲུང་གོས་མིས་བཟོས་རིག་ནུས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དྲ་སྦྲེལ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་དང་དངོས་ཕུང་དཔལ་འབྱོར་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ཤུགས་ཆེན་པོས་རིག་ནུས་ཐོན་ལས་སྐྱེད་སྲིང་བྱེད་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱེད་ཀྱི་ཡོད། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་གཞི་གྲངས་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་གོ་སྐབས་དམ་འཛིན་བྱས་ནས་མིས་བཟོས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མིས་བཟོས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཇེ་དྲག་ཏུ་གཏོང་ཆེད་འབད་བརྩོན་བྱེད་འདོད་ཡོད།

2024ལོའི་འཛམ་གླིང་རིག་ནུས་ཐོན་ལས་འགྲེམ་སྟོན་ཚོགས་འདུའི་བརྗོད་བྱ་གཙོ་བོ་ནི“བློ་གྲོས་ཀྱིས་གནམ་འོག་སྐྱོད་པ་དང་ནུས་ཁུངས་ཀྱིས་འབྱུང་འགྱུར་སྐུལ”ཅེས་པ་དེ་ཡིན་ལ། ཐེན་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། ཉིན་དེར་ཐེན་ཅིན་གྲོང་ཁྱེར་དུ་ཚོགས་འགོ་ཚུགས་པ་རེད།

ཤ་བོ་གསེར་མཚོས་བསྒྱུར།