ཞི་ཅིན་ཕིང་དང་ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀིའི་ཙུང་ཐུང་གིས་ཀྲུང་ཐེ་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།
2024.06.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཟླ6པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀིའི་ཙུང་ཐུང་ཁན་ཅཱ་ལུའུ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་རྟེན་འབྲེལ་ཞུས

ཞི་ཅིན་ཕིང་གིས་བསྟན་དོན། ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀི་ནི་ཅཱ་ལི་པིས་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ས་ཁུལ་དེར་ཡོད་པའི་ཀྲུང་གོའི་ཁྱོན་ཡོངས་ཀྱི་མཉམ་ལས་གྲོགས་པོའི་གྲས་ཀྱི་གཅིག་ཀྱང་ཡིན། ཀྲུང་ཐེ་བར་འབྲེལ་བ་བཙུགས་ནས་ལོ50འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད་པར་མ་ཟད། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ངས་ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་སྐུ་ལྕམ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱས་ནས“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཐེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་རིམ་པ་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཁན་ཅཱ་ལུའུ་ཡིས་བསྟན་དོན། ཐེ་ཀྲུང་བར་འབྲེལ་བ་བཙུགས་པ་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཕྱོགས་གཉིས་ཀྱི་ཐུན་མོང་གི་བསམ་འདུན་རྨང་གཞི་རུ་བྱས་ཡོད། དུས་ཡུན་རིང་པོའི་ནང་ཐེ་ཀྲུང་གིས་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་མི་བརྗེད་པར་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་འབྲེལ་ཐག་རྒྱུན་ཆད་མེད་པར་ཇེ་དམ་དུ་བཏང་ཡོད། དུས་སྐབས་གསར་པའི་ཐེ་ཀྲུང་འབྲེལ་བས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་ཟམ་མི་ཆད་པར་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀིའི་ཙུང་ལི་ལའོ་ལི་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས། ལིས་ཆང་གིས་བསྟན་དོན། ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀི་ནི་ཅཱ་ལི་པིས་ས་ཁུལ་དུ་ཡོད་པའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་ཟླ་གྲོགས་བཟང་པོ་ཡིན་པ་དང་། འབྲེལ་བ་བཙུགས་ནས་ལོ50འགོར་བའི་རིང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐེའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་རྒྱུ་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས།

ལའོ་ལི་ཡིས་བསྟན་དོན། ཐེ་ཀྲུང་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྨང་གཞིའི་ཐོག་བཙུགས་པ་དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན། ཐེ་རི་ནི་ཏཱ་དང་ཏའོ་པཱ་ཀི་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་གཏན་འཇགས་དང་བདེ་སྐྱིད་ལ་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།