ཏེན་ཞུའེ་ཞང་གིས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་གྲོས་མོལ་ཐེངས་ལྔ་བ་བྱས།
2024.06.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

 ཟླ6ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིས་གཞོན་པ་ཏེན་ཞུའེ་ཞང་གིས་པུ་ལིས་ཧྲི་པུའུ་ལུའུ་སེ་ཨར་ནས་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་ཞི་གཞོན་པ་ཞེ་ཧྥུ་ཆོ་ཝེ་ཆིར་མཇལ་འཕྲད་གནང་སྟེ།  མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་ནམ་གཤིས་ཀྱི་མཐོ་རིམ་གྲོས་མོལ་ཐེངས་ལྔ་བ་སྤེལ།

ཏེན་ཞུའེ་ཞང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པ་དང་ཐུག་འཕྲད་ཐེངས་མང་བྱས་ཏེ།  ཀྲུང་གོ་དང་ཡོ་རོབ་ཀྱི་ལྗང་མདོག་རིགས་སྒྱུར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ཡོད། ང་ཚོས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ལྗང་མདོག་རིགས་སྒྱུར་གྱི་མཉམ་ལས་ལ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་བརླིང་ངང་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་་སྲ་བརྟན་དུ་གཏོང་དགོས།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་།   ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཕན་འབྲས་མིག་མཐོང་ལག་ཟིན་ཡིན་ཞིང་།  ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ལ་ལྗང་མདོག་རིགས་སྒྱུར་གྱི་ཁྲོད་དུ་ཐུན་མོང་གི་ཁེ་ཕན་ཆེན་པོ་ཡོད།  མཐོ་རིམ་གྲོས་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ནས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་།  བལྟོས་བཅས་ཀྱིས་མདུན་དུ་སྐྱོད་པ།  ཁྱབ་ཁོངས་གཙོ་བོའི་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཕྱོགས་མང་གི་འཕེལ་རིམ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བར་དོ་སྣང་བྱེད་པ་དང་།  ཁོར་ཡུག་དང་གནམ་གཤིས་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་གནས་བབ་སྲུང་འཛིན་བྱེད་དགོས།

ཏེན་ཞའེ་ཞང་གིས་ནན་གྱིས་བསྟན་དོན། གློག་སྒུལ་རླངས་འཁོར་ནི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་རིགས་སྒྱུར་གྱི་མཚོན་རྟགས་རང་བཞིན་གྱི་ཐོན་རྫས་ཤིག་ཡིན་ཞིང་།  ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་སྣོན་བསྡུ་བྱེད་པ་ནི་དཔེ་མཚོན་གྱི་སྲུང་སྐྱོབ་རིང་ལུགས་ཡིན་པས། ཡོ་རོབ་མནའ་འབྲེལ་གྱི་ལྗང་མདོག་རིགས་སྒྱུར་ལ་མི་ཕན་པ་མ་ཟད། འཛམ་གླིང་ཡོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མཉམ་ལས་ཀྱི་ཆེ་ཕྱོགས་ལ་གནོད་པ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཁོར་ཡུག་གནམ་གཤིས་དང་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཁྲོད་ཀྲུང་གོར་མཉམ་ལས་བྱེད་པའི་སྲིད་ཇུས་ཀྱི་གཅིག་མཐུན་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་།   དཔལ་འབྱོར་ཉོ་ཚོང་གི་འགལ་བས་ལྗང་མདོག་རིགས་སྒྱུར་གྱི་འཕེལ་རིམ་ལ་འགོག་རྐྱེན་མི་བཟོ་བ་དང་། ལྗང་མདོག་གི་འགལ་རྐྱེན་བཟོ་བ་ལས་རྒྱུན་ལྡན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གནོད་པ་མི་ཐེབས་པར་རེ་བ་བྱེད་ཀྱིན་ཡོད།   ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་དཔལ་འབྱོར་ཉོ་ཚོང་གི་འགལ་བ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་ཡོད།

ཞེ་ཧྥུའུ་ཆོ་ཝེ་ཆི་ཡིས་བསྟན་དོན།  ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ནུས་ལྡན་དང་གྲུབ་འབྲས་མངོན་གསལ་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་དང་།  《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་སྤྱི་ཆིངས་འཇོག་པའི་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དགུ་པར་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཡོ་རོབ་ཕྱོགས་ཀྱིས་གློག་སྒུལ་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་མཐོང་ཆེན་བྱས་ཏེ། ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱས་ནས་འགལ་བ་འོས་འཚམ་སྒོས་ཐག་གཅོད་བྱེད་འདོད་ཡོད་ཟེར།

ཚེས19ཉིན། ཏེན་ཞུའེ་ཞང་གིས་པུའུ་ལུའུ་སེ་ཨར་ནས་པུ་ལིས་ཧྲི་ལྟ་སྲུང་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཏེ་ཁི་ལོ་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན།  ཀྲུའུ་ཞི་ཞི་ཅིན་ཕིང་དང་པུ་ལིས་ཧྲི་ཡི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག  ཀྲུང་གོ་དང་པུ་ལིས་ཧྲི་ཡི་ཕྱོགས་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ། ལྗང་མདོག་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ།  སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་བརྗེ་རེས་ལ་ཤུགས་སྣོན་པ་བཅས་བྱས་ནས།  ཀྲུང་གོ་དང་པུ་ལིས་ཧྲི་བར་གྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། པུ་ལིས་ཧྲི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་གི་ཕྱོགས་འགལ་ལ་དོ་དམ་ཚོད་འཛིན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་འདོན་པར་རེ་བ་བྱེད་ཀྱིན་ཡོད།

ཏེ་ཁི་ལོ་ཡིས་པུ་ལིས་ཧྲི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བསྟན།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།