རྒྱལ་སྲིད་ཨུ་ཡོན། རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཞོ་ཧུང་གིས་ཚེས20ཉིན་པེ་ཅིང་དུ་ཨ་མེ་རུ་ཁའི་ཕོ་བྲང་དཀར་པོའི་རྒྱལ་ཁབ་དུག་འགོག་སྲིད་ཇུས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀུའུ་ཕུའུ་ཐཱ་ལ་ཐུག་འཕྲད་བྱས།
ཝང་ཞོ་ཧུང་གིས་བསྟན་དོན། ན་ནིང་གི་ཚུན་དུ། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་ཐུན་མོང་གི་ལྟ་བ་ལག་བསྟར་ཟབ་མོ་བྱས་པ་དང་། དུག་འགོག་དང་ཁྲིམས་འགལ་གནས་སྤོར་ཡུལ་མི་ཕྱིར་སྐྱེལ་སོགས་ཁྱབ་ཁོངས་ནས་མཐོང་ཐུབ་པའི་གྲུབ་འབྲས་མང་པོ་བླངས། ཀྲུང་གོ་དང་ཨ་མེ་རུ་ཁས་ཕན་ཚུན་བརྩི་མཐོང་བྱེད་པ་དང་འགལ་རྩོད་འགོག་སྡོམ་བྱེད་པ། གཉིས་ཕན་མཉམ་ལས་བྱེད་པའི་རྨང་གཞིའི་སྟེང་། དུག་འགོག་ཁྱབ་ཁོངས་ཀྱི་ཕྱོགས་མང་བརྗེ་རེས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད། ཨ་མེ་རུ་ཁ་དང་ཀྲུང་གོ་གཉིས་སོ་སོར་ཁ་ཕྱོགས་ནས་མདུན་སྐྱོད་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་དོ་སྣང་བྱེད་པའི་བྱ་བར་མཐོང་ཆེན་བྱེད་པར་མ་ཟད་ཟོལ་མེད་ཀྱིས་ཀྲུང་གོས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།
ཕྱོགས་གཉིས་ཀྱིས་འབྲེལ་ཡོད་གནད་དོན་ཐད་ནས་མུ་མཐུད་དུ་བརྗེ་རེས་རྒྱུན་འཁྱོངས་བྱེད་པར་འཐད་པ་བྱུང་།
རིན་ཆེན་མཚོས་བསྒྱུར།