ས་གནས་དེ་གའི་དུས་ཚོད་ཟླ6ཚེས20ཉིན་གྱི་ཉིན་གུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཅི་ལོང་ཕའོ་ནས་མཱ་ལེ་ཞི་ཡཱའི་ཙུང་ལི་ཨན་ཝ་ཨར་དང་མཉམ་དུ་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བཟོ་ཚོང་ལས་རིགས་ཀྱི་གུང་ཟས་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ། ཀྲུང་གོ་དང་མཱ་ལེ་ཞི་ཡཱ་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི200 ཙམ་ཚོགས་འདུར་ཞུགས།
ལིས་ཆང་གིས་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བར་འབྲེལ་བ་བཙུགས་ནས་ལོ50འགོར་བའི་རིང་ལ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་ཁྱོན་མགྱོགས་མྱུར་ངང་འཕར་བ་དང་། ཁྱབ་ཁོངས་མུ་མཐུད་དུ་རྒྱ་སྐྱེད་ལ། སྤུས་ཚད་རྒྱུན་མཐུད་ངང་མཐོར་འདེགས་བྱུང་སྟེ། དགའ་འོས་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་བར་གྱི་འབྲེལ་བ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་བར་གྱི་འཕེལ་རྒྱས་འཐབ་ཇུས་རྒྱུན་མཐུད་ངང་སྦྲེལ་མཐུད་དང་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་མུ་མཐུད་དུ་མངོན་པ། ཐོན་ལས་རིམ་སྤོར་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དངུལ་གཏོང་དང་ལས་རིགས་དར་སྤེལ་གཏོང་བར་གོ་སྐབས་གསར་པ་སྔར་ལས་མང་པོ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་མཱ་ལེ་ཞི་ཡཱ་ཕྱོགས་དང་མཉམ་ལས་གྲོས་མཐུན་སྣ་ཚོགས་དངོས་འབེབ་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས་མཉམ་དུ་ལས་གཞི་གལ་ཆེན་ལ་སྐུལ་འདེད་ལེགས་པོ་གཏོང་རྒྱུ་ཡིན་པར་མ་ཟད། ཕྱོགས་གཉིས་ཀར་མཉམ་ལས་ཀྱི་འཕར་གནས་སྔར་ལས་མང་པོ་མཁོ་འདོན་དང་གཉིས་ཕན་མཉམ་རྒྱལ་ཡོང་དུ་འཇུག་འདོད་ཡོད་པར་བསྟན།
ལིས་ཆང་གིས་རྒྱ་ཆེའི་ཁེ་ལས་དེ་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཙོ་ཤུགས་དམག་ཡིན་པའི་ཆ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་ངང་གོང་དུ་འཕེལ་བའི་རྨང་གཞི་གལ་ཆེན་ཞིག་ཡིན། ཕྱོགས་གཉིས་ཀྱི་ཁེ་ལས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཚོང་ར་ལེགས་པོར་གཉེར་ཏེ། ༼ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་ཆོད་ཡིག༽བེད་སྤྱོད་ཡག་པོ་བྱས་ནས་ཉོ་ཚོང་འཕར་སྣོན་གྱི་མི་མངོན་པའི་ནུས་པ་མུ་མཐུད་དུ་སྔོག་འདོན་དང་། མ་དངུལ་འཇོག་པའི་མཉམ་ལས་ཀྱི་སྒུལ་ཤུགས་ཧུར་ཐག་གིས་ཕྱིར་བཏོན་ནས་ཕྱོགས་གཉིས་ཀར་ཕན་པའི་ལག་བསྟར་མཁན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་དང་། གྲངས་ཀའི་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྟེན་ནས་མིས་བཟོས་རིག་ནུས་དང་ཚེ་སྲོག་ཚན་རིག་སོགས་ཀྱི་མ་འོངས་པའི་ཐོན་ལས་བཀོད་སྒྲིག་ལེགས་པོ་བྱས་ཏེ། མུ་མཐུད་དུ་གསར་སྐྲུན་རིགས་ཀྱི་རྒྱུ་རྐྱེན་བཀོད་སྒྲིག་ཇེ་ལེགས་དང་གསར་སྐྲུན་འཕེལ་རྒྱས་ཀྱི་སྣེ་ཁྲིད་མཁན་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་འབྲེལ་འདྲིས་གླེང་མོལ་དང་མི་གཞུང་བརྗེ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་མཛའ་མཐུན་གཏམ་རྒྱུད་སྔར་ལས་མང་པོ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ལ་བརྒྱུད་སྒྲོག་བྱེད་པ་དང་། ཕྱོགས་གཉིས་ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་བཏང་ནས་དམངས་སེམས་འབྲེལ་བའི་སྐུལ་འདེད་པ་ཞིག་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་པར་བརྟེན། ཀྲུང་གོ་དང་མཱ་ལེ་ཞི་ཡཱའི་འབྲེལ་བའི་ཁྲོད་ཀྱི་རྗེས་ཕྱོགས་ཀྱི་ལོ་ལྔ་བཅུ་ནི་གསེར་ལྟ་བུའི་ལོ་ལྔ་བཅུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན།
ཨན་ཝ་ཨར་གྱིས་ཤིས་ཚིག་ནང་བཤད་རྒྱུར། ཀྲུང་གོ་ནི་ཁོག་རྒྱ་ཡངས་ཤིང་མཛའ་མཐུན་ལྡན་པ་དང་རིག་གནས་མི་འདྲ་བར་གོ་བ་ལེན་ཐུབ་པའི་རྒྱལ་ཁབ་ཅིག་ཡིན། མཱ་ལེ་ཞི་ཡཱ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་པ། ཕྱོགས་གཉིས་ཀྱི་མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། མཱ་ལེ་ཞི་ཡཱ་དང་ཀྲུང་གོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པ་དང་། དོན་སྙིང་གཏིང་ཟབ་པ་རེད། མཱ་ལེ་ཞི་ཡཱ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་མ་ལེ་ཞི་ཡ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཀྲུང་གོ་ཕྱོགས་དང་གྲོས་མོལ་བྱས་ནས་ཕན་ཚུན་ལ་རྒྱུས་ལོན་དང་། ཉོ་ཚོང་གཏིང་ཟབ་ཏུ་སྤེལ་བ། དངུལ་གཏོང་། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་བརྟེན་ནས་རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་བུ་རབས་ཚ་རྒྱུད་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཝུའུ་ཀྲིན་ལུང་གུང་ཟས་ཚོགས་འདུར་ཞུགས།
ཉིན་དེའི་ཕྱི་དྲོར། ལིས་ཆང་གིས་མཱ་ལེ་ཞི་ཡཱར་དངོས་གཞིའི་འཚམས་འདྲི་བྱེད་པ་མཇུག་བསྒྲིལ་ནས་ཅི་ལུང་ཕའོ་དང་ཁ་བྲལ།
ཁ་འབྲལ་སྐབས་མཱ་ལེ་ཞི་ཡཱ་རྒྱལ་ཚོགས་ཀྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་ཙའོ་ཧཱ་ལི་དང་འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུ། མཱ་ལེ་ཞི་ཡཱར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཨོའུ་དབྱང་ཡུས་ཅིན་སོགས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།
ཚེ་རིང་སྒྲོལ་མས་བསྒྱུར།