ཝུའུ་ཞའོ་ཅུན་གྱིས་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་པུའུ་ཀྲང་ཡཱ་ཁུ་པུའུ་ཡཱ་དང་ཐུག་འཕྲད་བྱས།
2024.06.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

ཟླ6པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་པུའུ་ཀྲང་དང་། རྒྱལ་ཁོངས་དག་ཐེར་བཅོས་སྐྱོང་དང་། རྨང་གཞིའི་སྒྲིག་བཀོད། བགྲོད་ལམ་བདག་སྐྱོང་བཅས་ཀྱི་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་འཁུར་བའི་རིང་ཡཱ་ཁུ་པུའུ་ཡཱ་འཁོར་དང་བཅས་པར་ཐུག་འཕྲད་བྱས་ཏེ། མཚོ་སྔོན་ཞིང་ཆེན་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁའེ་ལའོ་ཞིང་ཆེན་བར་མཛའ་མཐུན་ཞིང་ཆེན་གྱི་འབྲེལ་བ་འཛུགས་པའི་འདོད་བློའི་ཡི་གེར་མཉམ་དུ་མིང་རྟགས་བཀོད།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རིང་ཡཱ་ཁུ་པུའུ་ཡཱ་འཁོར་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་བྱས། ཁོས་བཤད་རྒྱུར། ཀྲུང་གོ་དང་ཁོང་གོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ད་ལོ་ཀྲུང་གོ་དང་ཁོང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་སྐབས་འདིར། ཡཱ་ཁུ་པུའུ་ཡཱ་འཁོར་དང་བཅས་པ་མཚོ་སྔོན་དུ་འཚམས་འདྲིར་ཕེབས་པས། ཁོང་གོ་པུའུ་དང་མཚོ་སྔོན་གྱི་མཛའ་མཐུན་མཉམ་ལས་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་སྲིད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཐེངས་འདིའི་མཆན་འགོད་དེ་མགོ་རྩོམ་ས་གསར་བ་ཞིག་ཏུ་བརྩིས་ནས། ཚྭ་མཚོའི་ཐོན་ཁུངས་དང་གཏེར་ཐོན་སྔོག་འདོན་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།  རིག་གནས་ཡུལ་སྐོར་དང་མཐོ་རིམ་སློབ་གསོ་སོགས་ཐད་ཀྱི་བརྗེ་རེས་ཟབ་མོར་སྐུལ་འདེད་བཏང་སྟེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་གསོན་ཤུགས་གསར་བ་སྣོན་འདོད་ཡོད་ཅེས་བཤད།

རིང་ཡཱ་ཁུ་པུའུ་ཡཱ་ཡིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་ཚད་མཐོན་པོས་གདེང་འཇོག་བྱས་ཤིང་། ཁོང་གོ་པུའུ་དང་མཚོ་སྔོན་གྱི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད་པར་བརྟེན། བརྗེ་རེས་ལ་སྔར་ལས་ཤུགས་སྣོན་པ་དང་། མཉམ་ལས་གཏིང་ཟབ་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན།

གྲོས་ཚོགས་སྟེང་། ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁའེ་ལའོ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བརྗེད་བྱང་ལ་མིང་རྟགས་བཀོད་པ་དང་། ན་གོར་མོ་གྲོང་ཁྱེར་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཧེ་ཅོའོ་གྲོང་ཁྱེར་གྱིས་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་པའི་འདོད་བློའི་ཡི་གེར་མིང་རྟགས་བཀོད་ཅིང་། མཚོ་སྔོན་སློབ་ཆེན་དང་ཁོང་གོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨིན་ཀི་སོའོ་སློབ་ཆེན་གྱིས་མཉམ་ལས་བརྗེད་བྱང་ལ་མིང་རྟགས་བཀོད།

ཧྲིན་ཀྲང་གཞོན་པ་ཝང་ཧའེ་ཧོང་མཆན་འགོད་མཛད་སྒོར་ཞུགས་པར་མ་ཟད་མགོ་འཛིན་བྱས།

ལྷ་མོ་འཚོས་བསྒྱུར།