ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞོས་ཞང་གིས་ལུ་ཙེམ་པོག་ཏུ་འཚམས་འདྲི་མཛད་པ་དང་། སོ་སོར་ལུ་ཙེམ་པོག་གི་ཏཱ་ཀུང་ཧིན་ལེ་དང་། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཝེ་སི་ལེ། དབུ་བཞུགས་བློན་ཆེན་ཧྥོ་ལི་ཏིན། དབུ་བཞུགས་བློན་ཆེན་གཞོན་པ་པེ་ཐེ་ཨར་བཅས་ལ་ཐུག་འཕྲད་མཛད་པར་མ་ཟད། སྐབས་གཉིས་པའི་ཀྲིན་ཀྲིག་དང་ལུ་ཙེམ་པོག་གི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཞུགས་ཏེ་ཞུ་ཚིག་ཕུལ།
ཏེན་ཞོས་ཞང་གིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏཱ་ཀུང་ཧིན་ལེ་ལ་སྙིང་ཉེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུ་བཞིན་ཡོད་པ་བརྒྱུད་སྒྲོག་བྱས། ཏེན་ཞོས་ཞང་གིས་བསྟན་དོན། ཀྲུང་གོ་དང་ལུ་ཙེམ་པོག་བར་འབྲེལ་བ་བཙུགས་ནས་ལོ་ངོ50ལྷག་འགོར་བའི་རིང་ལ། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཆེན་མོ་དང་ཆུང་བའི་བར་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་བྱེད་པའི་མིག་དཔེ་ལྟ་བུར་ཆགས་ཡོད།
ལུ་ཙེམ་པོག་ཕྱོགས་ཀྱི་མགོ་ཁྲིད་པ་དང་ཐུག་འཕྲད་བྱེད་སྐབས་ཏེན་ཞོས་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་ཕྱོགས་དང་མཉམ་དུ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ལུ་ཙེམ་པོག་གི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་གང་ལེགས་བྱེད་པ་དང་། སྒོ་འབྱེད་མཉམ་ལས་དང་ཁྱད་སྟོབས་ཁ་གསབ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་མཐོ་བའི་ཆུ་ཚད་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལུ་ཙེམ་པོག་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་དང་ལུ་ཙེམ་པོག་གི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོབ་ཐུབ་པར་རེ་བ་བྱེད་བཞིན་ཡོད་པར་མ་ཟད་ཡིད་ཆེས་ཀྱང་ཡོད་ཟེར།
ཏེན་ཞོས་ཞང་གིས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་གིས་གྲོགས་པོའི་གཏན་གནས་རྒྱུན་འཁྱོངས་བྱས་ཤིང་། མཉམ་ལས་གཙོར་འཛིན་པ་དང་གཏིང་ཟབ་ཏུ་འབྲེལ་འདྲིས་བྱས་ཏེ་འགལ་བར་དོ་དམ་ཚོད་འཛིན་བྱེད་དགོས། ལུ་ཙེམ་པོག་ཕྱོགས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་གཏན་འཇགས་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་རེ་བཞིན་ཡོད་ཟེར།
ཧིན་ལེ་ཡིས་ཏེན་ཞོས་ཞང་ལ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱེད་པ་བརྒྱུད་སྒྲོག་གནང་རོགས་ཞུས། ལུ་ཙེམ་པོག་ཕྱོགས་ཀྱི་མགོ་ཁྲིད་པས་བསྟན་དོན། ལུ་ཙེམ་པོག་དང་ཀྲུང་གོའི་བར་གྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་རིང་ཞིང་། ཕྱོགས་གཉིས་བར་མཉམ་ལས་རྣམ་པ་བཟང་བོ་ཆགས་ཡོད། ལུ་ཙེམ་པོག་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་མཛའ་མཐུན་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་ངེས་ཡིན།
ཀྲུང་གོའི་བར་གྱི་གློག་སྒུལ་རླངས་འཁོར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ་མཉམ་དུ་ལྷད་མེད་ཐཱན་ཉུང་གི་སྤོར་བསྒྱུར་ལ་སྐུལ་འདེད་གཏོང་འདོད་ཡོད། ལུ་ཙེམ་པོག་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། རྣམ་པ་གང་རུང་གི་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་བཞིན་ཡོད་པར་མ་ཟད། ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོས་གྲོས་མོལ་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཚེས20ཉིན། ཏེན་ཞོས་ཞང་དང་པེ་ཐེ་ཨར་མཉམ་དུ་སྐབས་གཉིས་པའི་ཀྲིན་ཀྲིག་དང་ལུ་ཙེམ་པོག་གི་དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཞུགས།
ཏེན་ཞོས་ཞང་གིས་བསྟན་དོན། ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་དང་ལུ་ཙེམ་པོག་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་དོན་དངོས་འགུལ་སྐྱོད་ཅིག་ཡིན་པས། ཕྱོགས་གཉིས་ཀྱིས་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ཕན་ནུས་ལྡན་པའི་མཁའ་འགྲུལ་སྐྱེལ་འདྲེན་མ་ལག་མཉམ་དུ་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་དམ་ཟབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་འབྲེལ་བ་གསར་བསྐྲུན་བྱེད་པ། སྣ་མང་མཉམ་འབྲེལ་གྱི་མི་གཞུང་བརྗེ་རེས་རྣམ་པ་ཆགས་པར་བྱས་ནས། དར་གོས་ཚོང་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལུ་ཙེམ་པོག་དང་བཅས་པའི་རྒྱལ་ཁབ་སོ་སོ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ནང་ཞུགས་ཏེ། ཐུན་མོང་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་པར་དགའ་བསུ་བྱེད་བཞིན་ཡོད་ཟེར།
པེ་ཐེ་ཨར་གྱིས་བསྟན་དོན། ལུ་ཙེམ་པོག་ཕྱོགས་ཀྱིས་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ། ཀྲུང་གོའི་བར་གྱི་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
ལུ་ཙེམ་པོག་ཏུ་འཚམས་འདྲི་བྱེད་སྐབས། ཏེན་ཞོས་ཞང་གིས་ད་རུང་ལུ་ཙེམ་པོག་དངོས་ཟོང་མཁའ་འགྲུལ་སྤྱི་ཁྱབ་པུའུ་དང་པེ་ཨར་ཝ་ཨར་ཚན་རིག་མཁར་དུ་རྟོག་ཞིབ་བྱས་པར་མ་ཟད། ལུ་ཙེམ་པོག་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་གི་དགེ་སློབ་འཐུས་མིར་འཚམ་འདྲི་གནང་།
བསོད་ནམས་ཚེ་རིང་གིས་བསྒྱུར།