པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས།
2024.06.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 25

ཟླ6པའི་ཚེས22ཉིན།  པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པར་མ་ཟད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནས་བྱ་བའི་བརྗེ་རེས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གཏད་རོགས་སྐྱོར་བྱ་བར་བཏོན་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། རྒྱུན་མཐུད་སྒོས་ས་ཁུལ་གཉིས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ། པེ་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལི་ཡིས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

དབྱིན་ལི་ཡིས་མཚོ་སྔོན་གྱིས་དུས་ཡུན་རིང་པོར་པེ་ཅིང་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་ལ་ཕེབས་ནས་གཟིགས་ཞིབ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་ཞིང་།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། དམངས་ཚིས་ལེགས་སྒྱུར་དང་འགན་སྲུང་སོགས་ཀྱི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བ་སྟེ།  ང་ཚོའི་བོད་ལྗོངས་རོགས་སྐྱོར་དང་མཚོ་སྔོན་རོགས་སྐྱོར་གྱི་བྱ་བར་སྔར་ལས་ཁ་ཕྱོགས་གསལ་བོ་བསྟན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།  མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཤིང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་འཐབ་ཇུས་གོ་གནས་ལ་རྐང་བཙུགས་ཏེ། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱས་ཤིང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། པེ་ཅིང་གིས་མཚོ་སྔོན་གྱི་དགོས་མཁོ་གཙོར་བཟུང་སྟེ་རང་ནུས་ཅི་ལྕོགས་སྒོས། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་ཏན་ཏིག་གིས་བསྒྲུབ་པར་སྐུལ་འདེད་གཏོང་རྒྱུ་ཡིན། མི་རིགས་ཕན་ཚུན་བརྗེ་རེས་དང་། འགྲོ་འོང་། འབྲེལ་འདྲིས་བཅས་བྱེད་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། རིམ་པ་མང་པའི་བརྗེ་རེས་སྟེགས་བུ་བསྐྲུན་རྒྱུ་ཡིན། གྲོང་གསེབ་དར་སྤེལ་ལ་རྒྱུན་མཐུད་སྒོས་གཞོགས་འདེགས་བྱས་ནས། གྲོང་གསེབ་དར་སྤེལ་གྱི་རོགས་སྐྱོར་རྫོང་གཙོ་བོར་འདེགས་སྐྱོར་བྱེད་པར་ཤུགས་སྣོན་པ་དང་།  དཔེ་སྟོན་རོགས་སྐྱོར་གྱི་ལས་གཞི་ཁག་ཅིག་མཉམ་དུ་བསྐྲུན་ཅིང་། རིག་ནུས་འདེགས་སྐྱོར་གྱི་བརྒྱུད་རོགས་ཁྲིད་གསུམ་ནུས་པ་འདོན་སྤེལ་བྱེད་པ་དང་། པེ་ཅིང་གི་ཁེ་ལས་ཡུས་ཧྲུའུ་ལ་ཡོང་ནས་མ་དངུལ་གཏོང་བ་དང་ཁེ་ལས་དར་སྤེལ་བཏང་སྟེ། ཕ་ཡུལ་དང་ཐག་ཉེ་ས་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས།  དམངས་ཚིས་ལེགས་སྒྱུར་ལ་རྒྱུན་མཐུད་སྒོས་རྒྱབ་སྐྱོབ་བྱས་ནས། སློབ་གསོ་དང་སྨན་བཅོས་མཉམ་འབྲེལ་རྣམ་པར་རོགས་སྐྱོར་སྤེལ་བ་དང་། ས་ཁུལ་གཉིས་ཀྱི་རང་རང་གི་དགེ་མཚན་འདོན་སྤེལ་བྱས་ཏེ། མཉམ་ལས་འཆར་འགོད་དང་འཕེལ་རྒྱས་མཉམ་སྐུལ་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་གྲུབ་པར་བྱེད་དགོས། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཚན་རྩལ་གསར་གཏོད་དང་ལྗང་མདོག་རྩིས་ནུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུ།  སློབ་གསོ་དང་། སྨན་བཅོས། ཞིང་ཕྱུགས་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་མཉམ་ལས་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་ཅིང་། པེ་ཅིང་གི་ཚོང་དོན་ཆེ་གྲས་དང་། གློག་རྡུལ་སྟེགས་བུ་དང་ འཛད་སྤྱོད་རོགས་སྐྱོར་གྱི་གསར་གཏོད་ལྟེ་གནས་བཅས་བེད་སྤྱོད་ཡག་པོ་བྱས་ཏེ། མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་པེ་ཅིང་ལ་འདྲེན་པའི་རྒྱུ་ལམ་བཀག་མེད་དུ་གཏོང་དགོས།  རིག་གནས་ཡུལ་སྐོར་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། རིག་གནས་ཡུལ་སྐོར་གསར་འབྱེད་དང་། དྲིལ་སྒྲོག་ཁྱབ་གདལ། རིག་དངོས་ཇུས་འགོད། འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས་བྱེད་པ་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། རིག་གནས་ཡུལ་སྐོར་འཕེལ་རྒྱས་དེ་རིམ་པ་སྔར་ལས་མཐོ་ཤོས་སུ་སླེབས་པར་སྐུལ་འདེད་གཏོང་དགོས།  ཕྱི་ཕྱོགས་སྒོ་འབྱེད་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། པེ་ཅིང་གི་ཁེ་ལས་མཚོ་སྔོན་དུ་ཡོང་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱེད་ཅིང་།  མཚོ་སྔོན་གྱི་ཁེ་ལས་པེ་ཅིང་གི་ཆུས་གཉིས་དང་སྟེགས་བུ་བཞིའི་འཛུགས་སྐྲུན་བྱ་བར་ཞུགས་པར་དགའ་བསུ་བྱེད་ངེས་ཡིན་ལ། སྒོ་འབྱེད་ཁེ་སྤོགས་མཉམ་སྤྱོད་བྱེད་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་འབྱུང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ནས་པེ་ཅིང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཤིང་། པེ་ཅིང་གིས་དུས་ཡུན་རིང་པོར་མཚོ་སྔོན་ལ་བྱམས་བརྩེའི་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཐོ་སྒང་དུ་ཕེབས་ནས་མཚོ་སྔོན་ལ་གཟིགས་ཞིབ་མཛད་པར་མ་ཟད་གསུངས་བཤད་གལ་ཆེན་གནང་བ་དང་། དེས་ང་ཚོས་ཏང་ཀྲུང་དབྱང་གིས་གནང་བའི་དུས་རབས་ཀྱི་ལས་འགན་དངོས་འབེབས་བྱེད་པ་གཞིར་བཟུང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཤིང་སྒུལ་ཤུགས་དྲག་པོ་བསྣན་པས། རིགས་སོ་སོའི་མང་ཚོགས་ལ་ཡིད་ཆེས་ཆེན་པོས་ཁེངས་པར་བྱས་ཡོད། མང་ཚོགས་ཀྱིས་སེམས་བསམ་པའི་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་བསམ་ཞིང་། ཏང་ཀྲུང་དབྱང་ལ་བཀའ་དྲིན་ཞུ་བཞིན་ཡོད།  པེ་ཅིང་གི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་བ་དེས་པེ་ཅིང་གྲོང་ཁྱེར་ཏང་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་མངོན་པར་མཚོན་ཡོད་པ་དང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཏུ་ཐོན་སྲིད། མཚོ་སྔོན་གྱིས་མངག་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་ཏན་ཏིག་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ཏེ། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་འཛིན་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་ལ། རྨ་འབྲི་རྫ་གསུམ་གྱི་འབྱུང་ཁུངས་དང་ཀྲུང་གོའི་ཆུ་མཛོད། འཛམ་གླིང་གི་གླིང་སྣེ་གསུམ་པ་བཅས་ལ་སྲུང་སྐྱོབ་ལེགས་པོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་སྲུང་བྱེད་དགོས། མི་རིགས་མཐུན་སྒྲིལ་གྱི་འགན་འཁྲི་གཙོ་བོ་ཕྲག་ཏུ་འཁུར་ནས། དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བའི་བྱེད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་རིགས་ཕན་ཚུན་བར་བརྗེ་རེས་དང་འགྲོ་འོང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་དགོས། ཕྱོགས་གཉིས་ཀྱིས་སྔར་གྱི་རྨང་གཞི་བརྟན་པོའི་སྟེང་། ཁ་གཏད་རོགས་སྐྱོར་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། སློབ་གསོ་དང་སྨན་བཅོས་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ། ཧུར་ཐག་སྒོས་རྨང་གཞི་འདིང་བ་དང་དབུལ་ཕོངས་རྩ་བ་ནས་མེད་པར་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་ཚོར་བཅས་ཇེ་དྲག་ཏུ་གཏོང་བ་དང་།  ཐོན་ལས་མཉམ་ལས་ཀྱི་རྣམ་པ་སྣ་མང་འཚོལ་ཞིབ་བྱེད་ཅིང་། འཇོན་མི་ལ་བརྟེན་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་དང་པེ་ཅིང་གི་མཉམ་ལས་འབྲས་བུ་གཡུར་དུ་ཟ་བ་ལོན་པར་སྐུལ་འདེད་བཏང་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་རིམ་གསར་བ་དང་དངོས་ཡོད་ཕན་ནུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

མཚོ་སྔོན་དུ་སླེབས་སྐབས། འཐུས་ཚབ་ཚོགས་པ་ཡུས་ཧྲུའུ་གྲོང་ཁྱེར་གྱི་སྟག་སྡེར་རི་བོ་དང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་ལ་རྟོག་ཞིབ་ཏུ་སོང་བར་མ་ཟད། ས་གནས་དེ་གའི་འབྲོག་ཁྱིམ་ལ་སོང་ནས་འཚམས་འདྲི་བྱས་པ་དང་། པེ་ཅིང་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་སོང་བའི་སྨན་པ་ལས་བྱེད་པར་འཚམས་འདྲི་བྱས།

པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲི་ཀྲང་གཞོན་པ་ཞཱ་ལིན་མའོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ལིན་ཧུའུ་གཉིས་ཀྱིས་སོ་སོར་ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།  པེ་ཅིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་པོ་ཀྲའོ་ལའེ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཀྲུའུ་ཞང་ཧྥུན་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།