
ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་དང་མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་སོང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་སྐབས་ཀྱི་གསུང་བཤད་དགོངས་དོན་དྲིལ་སྒྲོག་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་དེ་བློ་རྩ་བརྟན་པོས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་བྱེད་པ་དང་། མཐའ་གཅིག་ཏུ་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པའི་ཚད་མཐོ་བའི་རང་རྟོགས་སུ་བསྒྱུར་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ནན་མོ་དེ་དྲིན་གཟོ་མདུན་བསྐྱོད་ཀྱི་ལག་ལེན་དངོས་སུ་བསྒྱུར་ནས། མཚོ་སྔོན་གྱི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས།
དབྱར་ཉི་ལྡོག་གི་དུས་སུ། གསར་དུ་བཙུགས་པའི་སློབ་ཆེན་གྱི་ར་སྐོར་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མིག་ལམ་དུ་ལྗང་མདོག་གི་སྐྱེ་དངོས་སྣ་ཚོགས་རབ་ཏུ་མཛེས། ཝུའུ་ཞའོ་ཅུན་སྔ་རྗེས་སུ་མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་དྲ་སྦྲེལ་རླངས་འཁོར་གསར་སྐྲུན་ལྟེ་གནས་དང་མཐོ་སྒང་རླངས་འཁོར་གློག་འཁོར་ཅན་དང་རིག་ནུས་ཅན་དུ་བསྒྱུར་བའི་ཚོད་ལྟའི་ལྟེ་གནས། མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་རིག་ནུས་རིག་གཞུང་ལྟེ་གནས། གནམ་གཤིས་བརྟག་དཔྱད་ཁང་བཅས་སུ་སོང་ནས། སློབ་གྲྭའི་འཛུགས་སྐྲུན་དང་དོ་དམ་གྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ལ། དགེ་སློབ་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་དུས་ཀྱི་ཡིད་སེམས་འགུལ་བའི་རྣམ་པ་བསྐྱར་དྲན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིའི་སློབ་སྟོན་ལ་གོ་བ་ཟབ་མོ་བླངས། ཁོས་བཤད་རྒྱུར། ཀྲུང་གོ་གསར་བ་བཙུགས་ནས་ལོ་དོན་ལྔ་འཁོར་བའི་སྐབས་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་སྐུ་དངོས་སུ་གཟིགས་ཞིབ་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་པ་དེས། ཁོང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོ་བའི་གཙིགས་ཆེན་གནང་པ་དང་། མཚོ་སྔོན་གྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བཞིན་པ་མཚོན་ཡོད་ལ། ང་ཚོ་ལ་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་སྣེ་ཁྲིད་པའི་ཁྱད་འཕགས་ཀྱི་འགུག་ཤུགས་དང་དམངས་དོན་གྱི་བརྩེ་སེམས་ཚོར་དུ་བཅུག་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསར་བ་བསྟན་ལ། གནས་ཐིག་གསར་བ་གཏན་འཁེལ་གནང་ཡོད་པ་དང་། ལས་འགན་གསར་བ་བསྩལ་ཡོད་པས། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དེ་དགེ་སློབ་རེ་རེ་ལ་བརྒྱུད་སྒྲོག་བྱས་ནས། མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་མཐིལ་ཕྱིན་བྱ་དགོས། མི་དམངས་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པའི་འགན་ཁུར་གྱི་ཚོར་བ་དང་འགན་འཁྲིའི་ཚོར་བ་ཇེ་དྲག་ཏུ་བཏང་ནས། སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་པ་རྒྱུན་འཁྱོངས་བྱེད་པ་དང་། བྱ་བའི་ཁྲོད་དུ་སྔར་མེད་ཕུན་སུམ་ཚོགས་པའི་ནང་དོན་གསར་སྣོན་བྱ་དགོས་ལ། ལག་ལེན་ཁྲོད་དུ་བྱེད་ཐབས་གསར་བ་མང་པོ་ཁ་སྣོན་བྱེད་པ་དང་། གྲུབ་འབྲས་ཕྱོགས་ནས་སྔར་མེད་འཕེལ་རྒྱས་གསར་བ་བརྩོན་ལེན་བྱ་ཐུབ་དགོས། སྤྱོད་འཛུགས་མི་སྐྱོང་གི་རྩ་བའི་འགན་ཁུར་ཏན་ཏིག་གིས་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་མཐིལ་ཕྱིན་བྱེད་པ་དང་། ནང་དོན་གཙོ་བོ་དམ་འཛིན་བྱེད་པ། ཁྱད་ལྡན་ཟོང་རྟགས་འཛུགས་སྐྲུན་བྱེད་པ། དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱེད་པ། བདེན་སྲུང་གསར་སྐྲུན་གྱིས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྲུན་གྱི་ནང་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་སློབ་སྒྲུབ་སློབ་སྐྱོང་དང་སྤྱོད་འཛུགས་མི་སྐྱོང་གི་གོ་རིམ་ཡོངས་ལ་ཁྱབ་པར་བྱས་ནས། སློབ་གསོའི་སྣེ་ཁྲིད་ལ་བརྟེན་ནས་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཁས་ལེན་བསམ་པ་དང་གཟི་བརྗིད་ཚོར་བ་ཇེ་དྲག་ཏུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་སློབ་གསོ་སློབ་སྒྲུབ་ཀྱི་དོ་དམ་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ལ། རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སློབ་རའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། སློབ་གསོ་སློབ་སྒྲུབ་ཀྱི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས། ཏང་གི་སློབ་གསོའི་བྱ་བའི་ཁྱོན་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་རྒྱུན་འཁྱོངས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་གཏིང་ཟབ་དངོས་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས། ལས་བྱེད་པས་བདེན་སྲུང་དང་། དགེ་རྒན་སྤྱོད་གཙང་། སློབ་མ་དྭངས་གཙང་། སློབ་ར་གྲལ་དག་བཅས་ཀྱི་སློབ་གསོའི་མཐོ་གནས་སྐྲུན་པར་འབད་འབུངས་བྱ་དགོས།
སྒྲོག་འགྲེལ་བྱེད་སྐབས། མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་གླིང་གཙོ་ལུའུ་ཡན་ཞང་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་ཐུའུ་ཆིན་ཡུན། མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་སྐྲུན་བྱེད་པའི་ཞིབ་འཇུག་གླིང་གི་གླིང་གཙོ་ཀོན་པིན་ཧྲིན། མཚོ་སྔོན་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་འགན་ཁུར་བ་སུན་ལིས་མེན། མཚོ་སྔོན་ལས་རིགས་ལག་རྩལ་སློབ་ཆེན་གྱི་འགན་ཁུར་བ་ཧའོ་ཞུང་ཧྥེ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་ནས། བྱས་པའི་དྲིན་ཚོར་ཞིང་བརྩེ་བའི་སེམས་རྟོགས་པའི་དྲིན་གཟོའི་བསམ་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དངོས་འབེབ་ལེགས་པོ་བྱས་ཏེ། མི་དམངས་ཀྱི་དགེ་རྒན་ཏུ་གྱུར་བའི་བླ་མེད་གཟི་བརྗིད་ལ་སྔར་ལས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ནས། མདུན་བསྐྱོད་གསར་བའི་ལམ་དུ་དཀའ་བ་ཁྱད་དུ་བསད་དེ། ཡར་ཐོན་མདུན་བསྐྱོད་ཀྱི་འདུན་པས་སྣང་ཚུལ་གསར་བ་མངོན་དུ་འཇུག་རྒྱུ་ཡིན་པའི་ཚུལ་བསྟན།
ཝང་ཏཱ་ནན་དང་དབྱང་ཀྲི་ཝུན་འབྲེལ་ཡོད་བྱེད་སྒོར་ཞུགས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།