​ཞི་ཅིན་ཕིང་གིས2024ལོའི“ཀུའུ་ལིན་གྱི་ལས་འབྲེལ”ཅེས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་ན་གཞོན་བརྗེ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
2024.06.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 17

ཟླ6པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2024ལོའི“ཀུའུ་ལིན་གྱི་ལས་འབྲེལ”ཅེས་པའི་ཀྲུང་གོ་དང་ཨ་མེ་རི་ཁའི་ན་གཞོན་བརྗེ་རེས་གཟའ་འཁོར་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས

ཞི་ཅིན་ཕིང་གིས་བསྟན་དོན། ལོ་བརྒྱ་ལས་བརྒལ་བའི་ཀུའུ་ལིན་གྱི་བརྩེ་བ་དང་ལས་འབྲེལ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་མི་དམངས་ཀྱི་མཛའ་བརྩེའི་འགྲོ་འོང་གི་གཏམ་རྒྱུད་ཡག་པོ་ཞིག་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་ལས་རིགས་ཁག་གི་ན་གཞོན་ཧྥུའུ་ཀྲོའུ་རུ་མཉམ་འཛོམས་བྱས་ནས་ཀུའུ་ལིན་གྱི་གཏམ་རྒྱུད་བསྐྱར་དྲན་དང་ཀུའུ་ལིན་གྱི་མཛའ་བརྩེ་རྒྱུན་འཛིན་བྱས་ཏེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་བརྗེ་རེས་དང་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བ་མཐོང་བས་ཧ་ཅང་དགའ་སྤྲོ་སྐྱེས་བྱུང་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་རྣམས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ཕུགས་འདུན་ལྡན་པས་ཀྲུང་ཨའི་འབྲེལ་བའི་འབྱུང་འགྱུར་ནི་ན་གཞོན་རྣམས་ལ་རག་ལས་ཡོད། ཁྱོད་ཚོས་བརྗེ་རེས་གཏིང་ཟབ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱུས་ལོན་དང་བརྩེ་འདང་ཇེ་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་འགྲོ་འོང་བྱེད་པ། ཀྲུང་ཨའི་མཛའ་བརྩེ་རྒྱུན་འཛིན་བྱས་ནས་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ཕུལ་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ཞི་བདེ་མཉམ་སྐྲུན་དང་། གོམ་སྟབས་མཉམ་སྤོ། དར་རྒྱས་མཉམ་སྐྲུན་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

2024ལོའི“ཀུའུ་ལིན་གྱི་ལས་འབྲེལ”ཅེས་པའི་ཀྲུང་ཨའི་ན་གཞོན་བརྗེ་རེས་གཟའ་འཁོར་དེ་ཉིན་དེར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་དང་། ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀྲུང་ཧྭ་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་སྤེལ་བ་རེད།

ཤ་བོ་གསེར་མཚོས་བསྒྱུར།