ལིས་ཆང་གིས་ཕོ་ལན་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.06.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 12

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས24ཉིན་པེ་ཅིང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་མཇལ་འཕྲད་གནང་

ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕོ་ལན་བར་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ལྡན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འཆར་འགོད་གསར་པ་དང་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་བརྩི་སྲུང་བྱས་ཏེ་སྲོལ་རྒྱུན་མཛའ་བརྩེ་སྔར་ལས་དར་སྤེལ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་བཅས་གཙོར་བཟུང་ནས་དཔལ་འབྱོར་ཚོང་དོན་མཉམ་ལས་སྤུས་ཚད་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་བ་དང་། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ། ཀྲུང་གོ་དང་ཕོ་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་སྔར་ལས་ཡག་པོ་ཡོང་བ་བཅས་བྱེད་འདོད་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་ལྟ་སྟངས་བཟུང་ནས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཏུའུ་ཏཱ་ཡིས་བསྟན་དོན། ཕོ་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་བརྟན་པོ་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕོ་ལན་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕོ་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཡོ་རོབ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས། ཝུའུ་ཀྲིན་ལུང་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།