རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས24ཉིན་པེ་ཅིང་དུ་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་མཇལ་འཕྲད་གནང་།
ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཏུའུ་ཏཱ་ཡི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་གོ་དང་ཕོ་ལན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཐབ་ཇུས་ཐོག་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་ཕོ་འབྲེལ་བ་བརྟན་པོའི་ངང་ཡུན་རིང་ལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཕོ་ལན་གྱི་གྲོས་ཚོགས་དང་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་བརྗེ་རེས་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་འཛུགས་ལྟ་སྐུལ་དང་། རྒྱལ་སྐྱོང་སྲིད་ལུགས། ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་ཕན་ཚུན་རྒྱལ་ཁབ་ཀྱི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་ལམ་བུ། ཕྱི་ནང་གི་སྲིད་ཇུས་བཅས་ཤེས་རྟོགས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཕོ་ལན་གྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་ཡག་པོ་འདོན་སྤྲོད་བྱེད་འདོད་ཡོད་ཅེས་གསུངས།
ཏུའུ་ཏཱ་ཡིས་བསྟན་དོན། ཕོ་ལན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་ཕྱོགས་དང“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིའི་བརྗེ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས།
ཐེ་ཉིན་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།