ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། ཀྲུང་གོའི་ཚན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་མི་དམངས་ཚོགས་ཁང་ཆེན་མོའི་གཟབ་རྒྱས་ངང་འཚོགས།
རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། ཀྲུང་གོའི་ཚན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་ཚེས24ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས། རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་སོགས་ལ་བྱ་དགའ་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཚན་རྩལ་དར་ན་མི་རིགས་དར་བ་དང་། ཚན་རྩལ་སྟོབས་ལྡན་ཡིན་ན་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ངེས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཚན་རྩལ་དེང་རབས་ཅན་འདེགས་སྐྱོར་དུ་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་ན་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་བ་སྐྱེད་སྲིང་བྱེད་དགོས། ངེས་པར་དུ་ཚན་རྩལ་གྱི་འཐབ་ཇུས་སྔོན་ཁྲིད་གོ་གནས་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱེད་པ་དང་། 2035ལོར་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་དམིགས་འབེན་གཙིགས་འཛིན་བྱས་ཏེ། མཐོ་རིམ་ཇུས་འགོད་དང་གཅིག་འདོམས་འཆར་འགོད་ལ་ཤུགས་སྣོན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་དགོས།
ལིས་ཆང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད། ཏིང་ཞུའེ་ཞང་གིས་བྱ་དགའི་ཐག་གཅོད་སྒྲོག་འདོན་བྱས། ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ལིས་ཞི་བཅས་ཚོགས་ཆེན་ལ་ཞུགས།
སྔ་དྲོའི་དུས་ཚོད་བཅུའི་སྟེང་། ཚོགས་ཆེན་འགོ་བརྩམས་པ་དང་།བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆས་ཚོགས་པས་དང་བླངས་དམག་གི་མདུན་སྐྱོད་རོལ་དབྱངས་དཀྲོལ་ལེན་བྱས་ལ། ཚོགས་རའི་མི་ཚང་མ་ཡར་ལངས་ནས་རྒྱལ་གླུ་བླངས།
ཏིང་ཞུའེ་ཞང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་ཐག་གཅོད་སྒྲོག་འདོན་བྱས།
མཛད་སྒོའི་དུང་སྒྲ་གྲགས་མ་ཐག ཞི་ཅིན་ཕིང་གིས་ཐོག་མར2023ལོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་ཝུའུ་ཧན་སློབ་ཆེན་གྱི་ཡོན་ཧྲི་ལིས་ཏི་རིན་དང་ཆེན་ཧྭ་སློབ་ཆེན་གྱི་ཡོན་ཧྲི་ཞུའེ་ཆི་ཁུན་ལ་གཟེངས་རྟགས་དང་འཛིན་ཡིག་གནང་བ་དང་། ཁོ་ཚོ་དང་ཕྱག་འཇུ་མཛད་ནས་རྟེན་འབྲེལ་ཞུས། དེའི་རྗེས། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཆེས་མཐོའི་བྱ་དགའ་ཐོབ་མཁན་གཉིས་དང་མཉམ་དུ། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བཅས་ཀྱི་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པར་བྱ་འགའི་འཛིན་ཡིག་གནང་།
ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་ཟབ་མོ་བཏང་བ་དང་། གསར་གཏོད་རིགས་ཀྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལས་འགན་ཕྱིར་བཏོན་ལ། ཚན་རྩལ་གྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཚན་རྩལ་རང་ཚུགས་རང་སྤེལ་ཤུགས་དང་ལྡན་པའི་ངང་སྤེལ་བས། རང་རྒྱལ་གྱི་རྨང་གཞི་དང་མདུན་གྲས་ཀྱི་ཞིབ་འཇུག་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱུང་བ་དང་། འཐབ་ཇུས་ཀྱི་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མཆོང་བརྒལ་གསར་བ་བསུས་ཡོང་ལ། གསར་གཏོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བླངས་པ་དང་། ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་གྱི་རྣམ་པ་གསར་བ་བསྐྲུན་ལ། རྒྱལ་སྤྱིའི་སྒོ་འབྱེད་མཉམ་ལས་ཐད་ནས་གོང་འཕེལ་གསར་བ་བྱུང་བ་དང་། ཚན་རྩལ་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་བའི་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་ཁྲོད། ང་ཚོས་ཆོས་ཉིད་རང་བཞིན་གྱི་ངོས་ཟིན་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་བཏང་བ་དང་། ཉམས་མྱོང་གཙོ་བོ་མང་པོ་བསྡུ་རུབ་བྱས་པ་སྟེ། གཙོ་བོར་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་བགྲོད་ལམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། ཁ་ཕྱོགས་པ་བཞིའི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། བཅོས་བསྒྱུར་ཟབ་སྤེལ་བྱེད་པར་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་ཆེར་སྐྱེད་པ་རྒྱུན་འཁྱོངས་བྱེད་པ། སློབ་གསོ་དང་ཚན་རྩལ་འཇོན་མིའི་བཟང་ཕྱོགས་ཀྱི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། གསར་གཏོད་རིག་གནས་སྐྱེད་སྲིང་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་སྒོ་འབྱེད་དང་མཉམ་ལས་ཀྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན། ཉམས་མྱོང་དེ་དག་ངེས་པར་དུ་ཡུན་རུང་བོར་རྒྱུན་འཁྱོངས་བྱེད་པར་མ་ཟད་ལག་ལེན་ཁྲོད་རྒྱུན་མ་ཆད་པར་ཕུན་སུམ་ཚོགས་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་སྒོས་འབྱུང་བཞིན་ཡོད་པ་དང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་ཀྱི་འགྱུར་ལྡོག་གཏིང་ཟབ་པའི་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་དང་འཕེལ་རྒྱས་ཀྱི་རྣམ་པ་བསྐྱར་བསྐྲུན་བྱེད་དགོས། རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་ཐད་ནས་ད་དུང་ཞན་ཆ་དང་མི་འདང་ས་ཁ་ཤས་ཡོད་པས། ངེས་པར་དུ་བྲེལ་མྱུར་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། ཚན་རྩལ་གྱི་འགྲན་རྩོད་དང་མ་འོངས་པའི་འཕེལ་རྒྱས་ཀྱི་མཐོ་གནོན་བཙན་ས་མྱུར་འཛིན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རིགས་གསར་བའི་རྒྱལ་ཡོངས་ཀྱི་སྒྲིག་གཞིའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཚན་རྩལ་བྱ་བའི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། མཉམ་ལས་ནུས་ལྡན་གྱི་ཇུས་གཞི་བཀོད་འདོམས་མ་ལག་དང་རྩ་འཛུགས་ལག་བསྟར་མ་ལག་འཛུགས་སྐྲུན་བྱེད་དགོས། ཚོང་རའི་ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པ། ཐོན་སློབ་ཞིབ་གསུམ་གྱི་དུས་རིམ་སོ་སོའི་ངར་སེམས་ཆེར་སྐྱེད་དེ། གནད་འགག་ལག་རྩལ་གྱི་འགག་གཏོར་ལ་མཉམ་སྐུལ་བྱེད་པའི་བྱ་བའི་རྣམ་པ་གྲུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། རང་མོས་ཀྱི་འཚོལ་ཞིབ་ལ་སྐུལ་སློང་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་གཞི་རྩ་དང་རྨང་གཞི་བརྟན་པོ་འདིངས་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་ན། ཐོན་སྐྱེན་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པའི་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་དུས་རིམ་ལ་དམིགས་ནས། སྤུས་ཚད་མཐོ་བའི་ཚན་རྩལ་གྱི་མཁོ་འདོན་ཇེ་མང་དུ་གཏོང་བ་དང་། གསར་དར་ཐོན་ལས་དང་མ་འོངས་ཐོན་ལས་སྐྱེད་སྲིང་བྱེད་པ་དང་འཕེལ་རྒྱས་སུ་བཏང་སྟེ། ལག་རྩལ་གསར་བ་བཀོལ་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞི་གོ་གནས་ཇེ་མཐོར་གཏོང་བ་ད་ང། ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཚན་རྩལ་དངུལ་རྩའི་རྩོམ་ཡིག་བཟང་བོར་འབྲི་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་སྒྲིག་གཞི་རྐྱེན་སྲོལ་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། རིགས་མི་འདྲ་བའི་གསར་གཏོད་སྟེགས་བུ་སྣ་ཚོགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་བྱས་ཏེ། གསར་གཏོད་ཐོན་ཁུངས་ལེགས་བསྒྱུར་ཆ་སྡེབས་བྱེད་པར་ཤུགས་སྣོན་དགོས། ཁུལ་ཁོངས་ཀྱི་ཚན་རྩལ་གསར་གཏོད་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་འཆར་གཞིའི་དོ་དམ་ལེགས་བསྒྱུར་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་དངུལ་གཏོང་ཕན་ནུས་མཐོར་འདེགས་གཏོང་དགོས། ཚན་རིག་གི་བྱ་འགུལ་ཆོས་ཉིད་དང་མཐུན་པའི་རིགས་བགར་གདེང་འཇོག་མ་ལག་དང་དཔྱད་ཞིབ་རྐྱེན་སྲོལ་མྱུར་དུ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྐུལ་སློང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་ཀྱི་གསོན་ཤུགས་ཆེར་སྐྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སློབ་གསོ་ཚན་རྩལ་འཇོན་མིའི་སྒྲིག་གཞི་རྐྱེན་སྲོལ་གཞི་གཅིག་ཅན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ན། ཚན་རིག་སློབ་གསོའི་མཉམ་ལས་མི་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་ཁྱོན་ཆེ་་བདང་གྲུབ་ཚུལ་ལུགས་དང་མཐུན་པ། བྱང་ཚད་མཐོ་བའི་གསར་གཏོད་རིགས་ཀྱི་འཇོན་མིའི་དཔུང་སྡེ་མྱུར་དུ་སྐྱེད་སྲིང་བྱེད་དགོས། མཐོ་རིམ་སློབ་གྲྭའི་བསླབ་ཚན་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། འཇོན་མིའི་སྐྱེད་སྲིང་མ་དཔེ་གསར་གཏོད་བྱས་ནས། འཇོན་མིའི་རང་བདག་སྐྱེད་སྲིང་ཆུ་ཚད་དང་སྤུས་ཚད་མཐོར་འདེགས་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་འཇོན་མིའི་སྟོབས་ཤུགས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཕུལ་བྱུང་བཟོ་སྐྲུན་མཁན་དང་རྒྱལ་ཁབ་ཆེན་མོའི་བཟོ་སྐྲུན་པ། རྩལ་མཐོ་འཇོན་མི་བཅས་སྐྱེད་སྲིང་བྱེད་དགོས། ན་གཞོན་ཚན་རྩལ་འཇོན་མི་སྐྱེད་སྲིང་བྱེད་པར་ཤུགས་སྣོན་པ་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱ་ཆེའི་ཚན་རིག་ཞིབ་འཇུག་མི་སྣ་ཚོས་བློ་རྩ་བརྟན་ཞིང་རྒྱལ་གཅེས་སྐྱེས་འབུལ་བྱེད་པ་དང་། གསར་གཏོད་བྱེད་ཕོད་པའི་སྐུལ་སློང་བཏང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དང་ལག་བསྟར་ཟབ་མོ་བྱེད་ན། སྒོ་འབྱེད་མཉམ་ལས་ཁྲོད་རང་ཚུགས་རང་སྤེལ་མངོན་འགྱུར་བྱེད་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་གྲོས་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་། སྲིད་གཞུང་དང་དམངས་ཁྲོད་བར་གྱི་བརྗེ་རེས་མཉམ་ལས་ཀྱི་ལམ་བུ་སྔར་ལས་རྒྱ་སྐྱེད་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་སོགས་ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་ཁབ་སོ་སོའི་ཚན་རིག་ཞིབ་འཇུག་མི་སྣས་མཉམ་འབྲེལ་སྒོས་འགག་སྒྲོལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། འཛམ་གླིང་ཧྲིལ་བོའི་གསར་གཏོད་དྲ་རྒྱའི་ཁྲོད་འདྲེས་པར་བྱེད་པ་དང་། འཛམ་གླིང་ཧྲིལ་བོའི་ཚན་རྩལ་བཅོས་སྐྱོང་ཁྲོད་ཟབ་ཞུགས་བྱེད་པ། འཛམ་གླིང་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་བྱས་ནས། ཚན་རྩལ་གྱིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས། གླིང་གཉིས་ཀྱི་ཡོན་ཧྲི་ཚན་རྩལ་གྱི་མདུན་གྲས་ཀྱི་གསར་འབྱེད་པ་དང་ལས་འགན་གཙོ་བོ་ཁུར་མཁན། ན་གཞོན་འཇོན་མི་འཚར་ལོངས་འབྱུང་བར་སྣེ་ཁྲིད་པའི་སྣེ་ཁྲིད་པ། ཚན་རིག་པའི་སྙིང་སྟོབས་ཀྱི་དཔེ་སྟོན་མཁན་བཅས་བྱས་ནས། རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་གཏོང་ཆེད་ཡང་བསྐྱར་བྱས་རྗེས་གསར་བ་འཇོག་རྒྱུའི་རེ་བ་བཅངས་ཡོད། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ཚོས་རང་རྟོགས་སྒོས་རིག་གཞུང་གི་འཚོལ་སྙེག་དེ་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་རླབས་ཆེན་ལས་དོན་ཁྲོད་འདྲེས་པར་བྱེད་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ལས་འབྲས་གསར་བ་བསྐྲུན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཚན་རྩལ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། སྟོབས་ཤུགས་ཡོད་རྒུས་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབ་དགོས་ཞེས་གསུངས།
ལིས་ཞི་ཡིས་ཚོགས་ཆེན་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཉེ་བའི་ལོ་འགའི་རིང་གི་རང་རྒྱལ་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཐད་ནས་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། དུས་རབས་གསར་བའི་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཉམས་མྱོང་གལ་ཆེན་སྤྱི་སྡོམ་བྱས་ལ། ཚན་རྩལ་གསར་གཏོད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རླབས་ཆེན་རྒྱུད་རིམ་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་རྣམ་བཤད་གནད་ལ་འཁེལ་བ་བྱས་ཡོད་ཅིང་། གནས་བབ་གསར་བའི་འོག་ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གཞི་རྩའི་གོ་དོན་དང་ལས་འགན་གཙོ་བོར་གསལ་བཤད་ཆ་ཚང་བྱས་ལ། དུས་རབས་གསར་བར་ཚན་རྩལ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་ཡོད་པས། སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་ལག་བསྟར་ནན་མོ་བྱེད་དགོས། བསྐྱོད་ལམ་གསར་བའི་སྟེང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་ཚུགས་རང་སྤེལ་མངོན་འགྱུར་བྱེད་པ་དང་། ཚན་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྕི་བས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཚན་རྩལ་བྱ་བ་བཟང་བོར་བསྒྲུབ་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་ལས་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཚོགས་ཐོག་ཏུ། ལིས་ཏི་རིན་དང་ཞུའེ་ཆི་ཁུན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་བྱས་ནས་གཏམ་བཤད།
ཚོགས་ཆེན་སྔོན་དུ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུབ་ཚབ་པར་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་མཉམ་དུ་རྗེས་དྲན་འདྲ་པར་བླངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་བཅས་ཚོགས་ཆེན་ལ་ཞུགས།
ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་པ། དམག་དཔུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་གོའི་ཚན་རིག་གླིང་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་དང་ཕྱི་རྒྱལ་གྱི་ཡོན་ཧྲི་སྐོར་ཞིག རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་བཅས་ཧ་ལམ་མི་སྟོང་གསུམ་ཚོགས་ཆེན་ལ་ཞུགས།
2023ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཐད་ནས་བསྡོམས་པས་རྣ་གྲངས250དང་ཚན་རྩལ་ཆེད་མཁས་པ12དཔྱད་འདེམས་བྱས། དེའི་ཁྲོད། རྒྱལ་ཁབ་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན2། རྒྱལ་ཁབ་རང་བྱུང་ཚན་རིག་བྱ་དགའ49ཡོད་ལ། དེའི་ནང་བྱ་དགའ་ཨང་དང་པོ1དང་། བྱ་དགའ་ཨང་གཉིས་པ48ཡོད། རྒྱལ་ཁབ་ལག་རྩལ་གསར་གཏོད་བྱ་དགའ62ཡོད་ལ། དེའི་ནང་བྱ་དགའ་ཨང་དང་པོ8དང་། བྱ་དགའ་ཨང་གཉིས་པ54ཡོད། རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ139ཡོད་པ་དང་། དེའི་ནང་དམིགས་བསལ་བྱ་དགའ3དང་། བྱ་དགའ་ཨང་དང་པོ16། བྱ་དགའ་ཨང་གཉིས་པ120ཡོད། ཕྱི་རྒྱལ་གྱི་ཆེད་མཁས་པ་བཅུ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བྱིན།
རིན་ཆེན་མཚོས་བསྒྱུར།