མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་བའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་བསྡུས།
2024.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་བའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཚེས24ཉིན་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་དྲུང་ཡིག་ཆེན་མོ་ལིས་ལིས་ཏུང་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་ཏེ་གཏམ་བཤད་སྤེལ།

ཚོགས་མགོ་རྩོམ་པའི་མཛད་སྒོ་དེ་ཚོགས་ར་ཧྲིལ་བོའི་སྐད་གསེང་མཐོན་པོའི་རྒྱལ་གླུའི་ཁྲོད་མགོ་བརྩམས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་མངག་བཅོལ་ལྟར། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་ཚོགས་ཆེན་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བོར་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཁང་དང་སྤྱི་ཚོགས་ལས་རིགས་སོ་སོར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། རྒྱ་ཆེའི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བ་བྱེད་མཁན་དང་ཚོགས་མི། དང་བླངས་པ་བཅས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པར་མ་ཟད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་དགུ་བའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་བསྡུས་པའི་ཚུན་གྱི་བྱ་བ་སོ་སོར་ཁས་ལེན་གང་ལེགས་བྱས། ཁོས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འགོར་བའི་སྐབས་སུ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་གནད་འགག་གི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་མཚོ་སྔོན་དུ་གཟིགས་ཞིབ་མཛད་དེ་གསུང་བཤད་གལ་ཆེན་གནང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། དམིགས་ཚད་གཏན་འཁེལ་བྱས་ནས། འགན་འཁྲི་གསར་བ་བསྩལ་ཡོད་པས། མཚོ་སྔོན་གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་ཀྱི་དམིགས་འབེན་སྲུང་འཛིན་དང་ཇེ་དྲག་ཏུ་གཏོང་བ་དང་། རྨང་གཞི་ཇེ་བརྟན་དང་གཙོ་གནད་དམ་འཛིན། ཚོང་རྟགས་གསར་གཏོད། སྤུས་ནུས་མཐོར་འདེགས་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པའི་ཁྲོད་བྱ་སྤྱོད་གསར་བ་སྤེལ་དགོས་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཞབས་ཞུ་བྱེད་པའི་ཁྲོད་བྱེད་སྤྱོད་གསར་བ་སྤེལ་དགོས་པར་མ་ཟད། བརྩེ་སེམས་རྣལ་མས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱ་སྤྱོད་གསར་བ་སྤེ་བ་དང་། རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་ནས་བྱ་སྤྱོད་གསར་བ་སྤེལ་ཏེ། ཁྲིམས་ལྟར་ཚོགས་པར་བཅོས་སྐྱོང་བྱེད་པ་དང་ཚོགས་པར་བཅོས་སྐྱོང་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཐོག ལས་བྱེད་པས་བསྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་རེ་བ་ལག་བསྟར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ནང་ཁུལ་གྱི་དོ་དམ་དང་ཞལ་འདེབས་ཀྱི་དོ་དམ། བརྡ་འཕྲིན་གྱི་ཡོངས་བསྒྲགས་སོགས་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཤུགས་ཆེན་པོས་ཏང་གི་སེམས་བདེ་བ་དང་མི་དམངས་ཡིད་ཚིམས་པ། དྲོད་ཁོལ་དང་བརྩེ་བ་སྔར་ལས་ལྡན་པའི་མཚོ་སྔོན་གྱི་རྒྱ་གྲམ་དམར་པོ་ཚོགས་པ་གསར་བསྐྲུན་བྱེད་དགོས། འབྲེལ་ཡོད་སྡེ་ཁག་སོ་སོ་དང་ཁེ་ལས་དང་ལས་དོན་སྡེ་ཁག སྤྱི་ཚོགས་ལས་རིགས་སོ་སོའི་གཅེས་སེམས་ལྡན་པའི་མི་སྣས་རྒྱ་གྲམ་དམར་པོའི་བྱ་བར་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་གྲམ་དམར་པོའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཟང་བོ་ཞིག་མཉམ་དུ་བསྐྲུན་དགོས་ཟེར།

ལིས་ལིས་ཏུང་གིས་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། དུས་ཡུན་རིང་བོར་རྒྱ་གྲམ་དམར་པོའི་ལས་དོན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། དེ་མིན་སྤྱི་ཚོགས་ལས་རིགས་སོ་སོར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་བར་ཁས་ལེན་གང་ལེགས་བྱས། ཁོས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱ་གྲམ་དམར་པོའི་ལས་དོན་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་བཅོས་བསྒྱུར་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་གྱི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་གྱི་འཕེལ་རྒྱས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། ཤུགས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་བྲིས་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཐད་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་ཝུའུ་ཞའོ་ཅུན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་བའི་ལས་འཛིན་ཚོགས་པའི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་བཅས་མཚན་འཛིན་ཚོགས་གཙོ་གཞོན་པར་གདན་ཞུ་བྱས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་དགུ་བའི་ལས་འཛིན་ཚོགས་པའི་བྱ་བའི་སྙན་ཞུ་དང་ལྟ་ཞིབ་ལས་འཛིན་ཚོགས་པའི་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་བའི་ལས་འཛིན་ཚོགས་པའི་ལས་འཛིན་དང་སྐབས་བཅུ་བའི་ལྟ་ཞིབ་ལས་འཛིན་ཚོགས་པའི་ལྟ་ཞིབ་ལས་འཛིན་བདམས་ཐོན་བྱུང་ཡོད། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་བའི་ལས་འཛིན་ཚོགས་པའི་ཚོགས་གཙོར་བདམས་པ་དང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་བའི་ལས་འཛིན་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་། ཆེད་ཞོར་འགན་ཁུར་བའི་ཚོགས་གཙོ་གཞོན་པ། རྒྱུན་ལས་ལས་འཛིན་བཅས་བདམས་ཐོན་བྱུང་བར་མ་ཟད་དྲུང་ཡིག་ཆེན་མོ་གཏན་འཁེལ་བྱས། སྐབས་བཅུ་བའི་ལྟ་ཞིབ་ལས་འཛིན་ཚོགས་པའི་ལྟ་ཞིབ་ལས་འཛིན་དཔོན་པོ་དང་ལྟ་ཞིབ་ལས་འཛིན་དཔོན་པོ་གཞོན་པ་བདམས་ཐོན་བྱུང་།

ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་། རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་གཞི་རྩའི་རྩ་དོན་བདུན་སྒྲོག་འདོན་བྱས་པ་དང་། ཚོགས་ཁག་རྩ་འཛུགས་ཀྱི་འཐུས་མིས་ཞུ་ཚིག་ཕུལ།

ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥུན་ཁྲུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྲོས་ཚོགས་ལ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།