“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱ་འགུལ་མགོ་བརྩམས།
2024.06.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 21

ཟླ6ཚེས24ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་ལག་བསྟར་བྱེད་པའི”བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱ་འགུལ་དང་།《ཏང་གི་འཚོ་བ》ཞེས་པའི་དུས་དེབ་བཏོན་ནས་ལོ40འཁོར་བའི་བྱ་འགུལ་རབ་དང་རིམ་པ་མགོ་རྩོམ་པའི་མཛད་སྒོ་ཟི་ལིང་དུ་བསྡུས།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།  ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བྱ་བར་རེ་བ་བཏོན།  ཀྲུང་གོ་དུས་དེབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཧྲང་ཀྲི་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

མིག་སྔར། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག   ལག་བསྟར་བཅས་བྱེད་པའི་ཚ་རླབས་ཞིག་ཕྱོགས་ཡོངས་ནས་འཕྱུར་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཡག་པོ་བྱེད་པ་དང་། ལག་ལེན་མཐར་ཕྱིན་ཡག་པོ་བཅས་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན།

ཁྲིན་ཀང་གིས་བསྟན་དོན།  ཞིང་ཆེན་ཡོངས་ཀྱི་ཏང་གི་དུས་དེབ་ཀྱི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་དགོངས་པ་གལ་ཆེན་གཏིང་ཟབ་པའི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་ངེས་གནས་དང་། “སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ། “རྒྱུན་འཁྱོངས་གསུམ”གྱི་མངགས་བཅོལ་ཟབ་མོ་གཞིར་བཟུང་ནས།  “ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ལག་ལེན་དུ་བསྟར་ནས།  མཚོ་སྔོན་དྲིལ་སྒྲོག་ཡག་པོ་བྱས་ཏེ་དུས་དེབ་གཉེར་བའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ།  འབད་བརྩོན་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལེའུ་འབྲི་བའི་རྒྱུད་སྒྲོག་མཁན་དང་ཟིན་འགོད་མཁན།  སྐུལ་འདེད་མཁན། ལྟ་སྲུང་མཁན་བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས།

ཐེངས་འདིའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱ་འགུལ་སྤེལ་བ་ནི།  མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་སྐྱེད་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་མྱུར་དུ་ལག་ལེན་མཐར་ཕྱིན་བྱེད་པའི་བྱེད་ཐབས་དངོས་ཡིན་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མིའི་སེམས་སུ་ཟུག་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ནུས་ལྡན་ཞིག་རེད། བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱ་འགུལ་སྤེལ་བའི་རིང་ལ་ཏང་གི་དུས་དེབ་ཀྱི་བྱ་བ་སྒྲུབ་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པའི་སྣེ་ཁྲིད་པ་བཟང་བོ་བྱས་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཡི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཡི་ཞབས་རྗེས་སྙེག་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སོགས་སུ་སོང་ནས་བཅར་འདྲི་བྱེད་པ་དང་། རིགས་པའི་གཞུང་ལུགས་དྲིལ་སྒྲོག་དང་རིགས་པའི་གཞུང་ལུགས་འགྲེལ་བཤད།  གསར་འགྱུར་ཆ་འཕྲིན་བཅས་ཟུང་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ་སྨྱན་མིག་དང་སྨྱུ་གུ་ལ་བརྟེན་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཚོ་སྔོན་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་།  འབྲས་བུ་སྨིན་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་སྤྲོ་སེམས་འཁོལ་བའི་སྒོ་ནས་བསྟོད་གླུ་འབུལ་དགོས།   ཀྲུང་དབྱང་དང་ཀྲུང་དབྱང་པུའུ་ཨུའི་ཏང་གི་དུས་དེབ་དང་ཞིང་ཆེན་རིམ་པའི་ཏང་གི་དུས་དེབ་རྩོམ་སྒྲིག་ཁང25དང་། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གསར་འགྱུར་སྡེ་ཁག་གི་རྩོམ་སྒྲིག་པ་དང་གསར་འགོད་པ66མཛད་སྒོར་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།