ཏེན་ཞུའེ་ཞང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ འཐབ་ཇུས་ཀྱི་དམིགས་འབེན་ལ་དམིགས་པ་དང་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། དུས་བཅད་ལྟར་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འཛུགས་སྐྲུན་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།
2024.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཏེན་ཞུའེ་ཞང་གིས་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་འཐབ་ཇུས་ཀྱི་དམིགས་འབེན་ལ་དམིགས་པ་དང་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། དུས་བཅད་ལྟར་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འཛུགས་སྐྲུན་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

ཟླ6ཚེས25ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།  ཀྲུང་དབྱང་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏེན་ཞུའེ་ཞང་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཕྱོགས་སྡོམ་གཏམ་བཤད་སྤེལ།

ཏེན་ཞུའེ་ཞང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ།  དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཚན་རྩལ་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ང་ཚོས་བསམ་བློའི་ངོས་འཛིན་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཏན་ཏིག་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་དུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ནས།  འབད་བརྩོན་ལྷོད་མེད་ཀྱི་ཆོད་སེམས་བརྟན་པོ་དང་བློ་རྩ་བརྟན་པོས་འཐབ་ཇུས་ཀྱི་དམིགས་འབེན་ལ་དམིགས་པ་དང་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། དུས་བཅད་ལྟར་ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།

ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་སྒྲིག་སྲོལ་གསར་པར་བརྟེན་ནས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འགག་སྒྲོལ་ལས་འགན་གལ་ཆེན་གནད་འཁེལ་འཚོལ་ཞིབ་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་དུ་འགག་སྒྲོལ་བྱེད་པ།  རྨང་གཞིའི་ཞིབ་འཇུག་གི་རྩ་བ་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་གོམ་སྟོབས་ཇེ་མགྱོགས་སུ་གཏོང་དགོས།    ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་།  དགོས་མཁོར་སྣེ་ཁྲིད་དང་ཁེ་ལས་ཀྱི་ཚན་རྩལ་གསར་སྐྲུན་གྱི་གཙོ་གཞིའི་གོ་གནས་ཤུགས་ཆེར་བཏང་སྟེ།  ཚན་རྩལ་གསར་སྐྲུན་དང་ཐོན་ལས་གསར་སྐྲུན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་ཚན་རྩལ་གསར་སྐྲུན་ལ་སྒུལ་ཤུགས་དང་གསོན་ཤུགས་བསྣན་ཏེ།   ཚན་རྩལ་འཆར་འགོད་དང་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་སྐྲུན་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་ཞིབ་འཇུག་མི་སྣར་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།  སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣ་གཞི་གཅིག་ཏུ་འཕེལ་རྒྱས་གཏོང་བར་བརྟེན་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་ཐུབ་པའི་རྨང་གཞིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ་དང་། ཚན་རྩལ་དང་སློབ་གསོས་མཉམ་དུ་མི་སྣ་གསོ་སྐྱོང་དང་ཤེས་ལྡན་མི་སྣ་ནང་འདྲེན་བཀོལ་སྤྱོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  ན་གཞོན་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།  དགོས་མཁོ་ཆེ་ཞིང་དཀོན་པའི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་སུ་གཏོང་དགོས།  སྒོ་འབྱེད་མཉམ་ལས་ལ་བརྟེན་ནས་འཛམ་གླིང་དང་མཉམ་དུ་ཚན་རྩལ་ཡར་ཐོན་དང་གསར་སྐྲུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་བརྗེ་རེས་དང་མཉམ་ལས་རྒྱ་ཆེར་གཏོང་བ། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་སྐྲུན་དང་སྒོ་འབྱེད་ཀྱི་ཁོར་ཡུག་འཛུགས་སྐྲུན་བཅས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་ཚན་རྩལ་བཅོས་སྐྱོང་བྱེད་པར་རྒྱང་ལྟའི་ཇུས་འགོད་དང་ཟབ་ཞུགས་བྱེད་དགོས།

ཏེན་ཞུའེ་ཞང་གིས་ས་ཁུལ་སོ་སོ་དང་སྡེ་ཚན་ཁག་སོ་སོས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ།  བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་ བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་ཏན་ཏིག་བྱེད་པ། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱེད་པ། ཚན་རྩལ་ལས་དོན་འཕེལ་རྒྱས་གཏོང་བར་བྱས་རྗེས་གསར་པ་འཇོག་པ་བཅས་བྱས་ཏེ།  ཏང་དང་མི་དམངས་ཀྱི་རེ་བ་ནན་མོ་སྟོང་ཟད་དུ་མི་གཏོང་བ་བྱེད་དགོས་པའི་བླང་བྱ་བཏོན།

ལིའུ་གོ་ཀྲུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་།  ལི་ཀན་ཅེ་དང་ཀྲང་གོ་ཆིན། ཐའེ་ཉིན།  ཁྲིན་ཝུའུ། ཝང་ཀོང་ཆན།  ཁྲིན་ཀྲུའུ། ཝང་ཀྲི་ཀྲིན། ཧན་ཆི་ཏི་བཅས་གྲོས་ཚོགས་སུ་ཞུགས།

ཀྲུང་གོའི་མི་དམངས་དངུལ་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། པེ་ཅིན་གྲོང་ཁྱེར། ཧུའུ་ནན་ཞིང་ཆེན། ཧྲའན་ཞི་ཞིང་ཆེན། ཧྲིན་ཀྲིན་གྲོང་ཁྱེར། ཀྲུང་གོའི་ཚན་རིག་ཁང་ཏ་ལེན་རྫས་འགྱུར་དངོས་ཁམས་ཞིབ་འཇུག་ཁང་། ཆིན་ཧྭ་སློབ་གྲྭ་ཆེན་མོ། ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི། འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་སྐྲུན་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་སྤེལ། རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་གྱི་འཐུས་མི་དང་། ཚན་རིག་ཁང་དང་བཟོ་སྐྲུན་ཁང་གཉིས་ཀྱི་ཡོའན་ཧྲིའི་ཚོགས་ཆེན་གྱི་འཐུས་མི་གྲོས་ཚོགས་སུ་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།