ལིས་ཆང2024ལོའི་དབྱར་དུས་ཀྱི་ཏ་ཝོ་སིའི་གླེང་སྟེགས་ཕྱི་རྒྱལ་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས།
2024.06.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 19

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཚེས25ཉིན་ཏཱ་ལེན་དུ2024ལོའི་དབྱར་དུས་ཀྱི་ཏཱ་ཝོ་སིའི་གླེང་སྟེགས་ཕྱི་རྒྱལ་བཟོ་ཚོང་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས

ལིས་ཆང་གིས་མིག་སྔའི་ཀྲུང་གོའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་སྲིད་ཇུས་ངོ་སྤྲོད་གནང་། ཁོང་གིས་བསྟན་དོན། ང་ཚོས་བརྟན་ལྷིང་ཁྲོད་ཡར་ཐོན་ཡོང་བ་དང་། ཡར་ཐོན་ཁྲོད་བརྟན་པོ་ཡོང་བ། སྔ་འཛིན་ཕྱི་གཏོད་བྱེད་པ། སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལྡོག་པ་དང་དུས་འཁོར་ལས་བརྒལ་བའི་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱེད་པ། མིག་སྔའི་གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་ལ་གཞི་ཚུགས་ནས་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་འགལ་བ་དང་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱེད་པར་མ་ཟད། ཡུན་རིང་གི་སྲིད་ཇུས་ཐོན་ཁུངས་གཅིག་སྡུད་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་ཇེ་ལེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོར་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་མངོན་འགྱུར་ཡོང་བའི་ཡིད་ཆེས་ཡོད་ལ། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ཇེ་ལེགས་སུ་འགྲོ་བ་སྲུང་འཛིན་བྱེད་པའི་ནུས་པ་ཡང་ཡོད།

ལིས་ཆང་གིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་གཏོང་བར་ངེས་པར་དུ་དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་འཛུགས་དགོས། ང་ཚོས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་སྣེ་ཁྲིད་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཅུང་བཟང་བའི་དགེ་མཚན་འདོན་སྤེལ་བྱེད་པའི་ཁྲོད་འགྲན་རྩོད་ཀྱི་དགེ་མཚན་འདོན་སྤེལ་བྱ་དགོས། ཀྲུང་གོའི་ཐོན་རྫས་ལ་འགྲན་རྩོད་ནུས་པ་ལྡན་པའི་རྒྱུ་མཚན་ནི“གསབ་པ”དང་“འགན་སྲུང”བྱས་པ་ཞིག་གཏན་ནས་མིན་པར་དྲང་གཞག་འགྲན་རྩོད་ཀྱི་འགྲན་ལམ་ཐོག་གོམ་པ་རེ་རེ་བཞིན་འབད་བརྩོན་ཆེན་པོས་སྒྲུབ་པ་ཞིག་ཡིན། ང་ཚོས་ཚོང་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཉེར་སྐྱོང་བྱེད་མཁན་སྣ་ཚོགས་འཕེལ་རྒྱས་དང་རྒྱ་སྐྱེད་ཡོང་བར་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་གི་དངུལ་གཏོང་མཁན་ལ་གོ་སྐབས་སྔར་ལས་མང་པོ་དང་ཁོར་ཡུག་སྔར་ལས་ལེགས་པོ་མཁོ་འདོན་བྱ་རྒྱུ་ཡིན། ཚང་མས་ཀྲུང་གོར་དངུལ་གཏོང་དང་ཀྲུང་གོར་ཟབ་ཞུགས་བྱས་ནས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་བ་དང་། རྒྱལ་ཁབ་དང་ས་ཁུལ40ཙམ་ནས་ཡོང་བའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི200ཚོགས་འདུར་ཞུགས་ཡོད། ཚོགས་འདུར་ཞུགས་པའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་གཏམ་བཤད་སྤེལ་བར་མ་ཟད་གྲོས་འགོ་བཏོན་པ་དང་། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་པར་བདེན་དཔང་བྱས་ལ། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ནང་གི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་བྱས་ཤིང་། ཀྲུང་གོའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་དེའི་ནང་ཧུར་ཐག་གིས་ཞུགས་པ། ཀྲུང་གོར་མུ་མཐུད་དུ་དངུལ་གཏོང་ལས་གཉེར་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཧུར་ཐག་སྒོས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

ཤ་བོ་གསེར་མཚོས་བསྒྱུར།