རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས25ཉིན་ཏཱ་ལེན་དུ་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་ཧྲི་ཝ་པུའུ་ལ་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། མིག་སྔར་འཛམ་གླིང་དཔལ་འབྱོར་སླར་གསོ་བྱེད་ཤུགས་ཞན་པ་དང་། འཕར་སྣོན་སྒུལ་ཤུགས་གསར་པ་འཚོལ་རྒྱུ་ནི་དེ་ལས་ཀྱང་འགག་རྩ་ཡིན། མ་འོངས་ཐོན་ལས་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། ཀྲུང་གོས“མིས་བཟོས་རིག་ནུས”བྱ་སྤྱོད་སྤེལ་བའི་གྲོས་གཞི་བཏོན་པ་དེ་ནི་མིས་བཟོས་རིག་ནུས་ཀྱིས་ནུས་པ་རྒྱ་ཁྱབ་ངང་བཏོན་པར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་ལས་ཆེ་བ་སྣོན་རྒྱུ་དེ་རེད། རྒྱལ་ཁབ་ཁག་གི་དཔལ་འབྱོར་ཕན་ཚུན་འབྲེལ་འདྲིས་བྱས་ན་མཉམ་དུ་འཕེལ་རྒྱས་འགྲོ་ཐུབ་པ་དང་། ཕན་ཚུན་འབྲེལ་མཚམས་བཞག་ན་རྗེས་སུ་ལུས་སྲིད་པས། ང་ཚོས་དཀྱེལ་ཡངས་ཀྱི་བློ་ཁོག་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ལག་རྡང་སྦྲེལ་ནས་དཔལ་འབྱོར་འཕར་སྣོན་གྱི་གྲུབ་འབྲས་གསར་པ་འཚོལ་ཞིབ་བྱེད་དགོས། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་མུ་མཐུད་དུ་དགེ་མཚན་ལྡན་པའི་ཤུགས་རྐྱེན་འདོན་སྤེལ་བྱས་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
ཧྲི་ཝ་པུའུ་ཡིས་བསྟན་དོན། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་དེ་སྔའི་དུས་སྐབས་གང་རུང་ལས་ཀྱང་གལ་འགངས་ཆེ་བ་ཞིག་རེད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་ཀྲུང་གོ་དང་མུ་མཐུད་དུ་མཉམ་ལས་དམ་ཟབ་བྱས་ནས་འཛམ་གླིང་དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་ཡིན་ཟེར།
ཤ་བོ་གསེར་མཚོས་བསྒྱུར།