སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན་དང་རྒྱལ་ཁབ་ཚན་རིག་ལག་རྩལ་བྱ་དགའི་ཚོགས་ཆེན། གླིང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་ཀྱི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱིས་ཉེ་བའི་ལོ་འགའི་རིང་རང་རྒྱལ་གྱིས་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཐད་ལ་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། དུས་རབས་གསར་བའི་ཚན་རྩལ་བྱ་བ་ལེགས་པོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན། ཚོགས་ཞུགས་འཐུས་ཚབ་པས་བསྟན་དོན། བགྲོད་ལམ་གསར་བའི་སྟེང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་དགོས་ཤིང་། ཚན་རྩལ་བྱ་བ་ལེགས་པོར་བསྒྲུབ་པའི་རང་རྟོགས་རང་བཞིན་དང་གཡོ་མེད་རང་བཞིན་ལ་སྔར་ལས་ཤུགས་བསྣན་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་དམིགས་འབེན་གྱི་ཆེད་དུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དགོས།
ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་གསར་གཏོད་སྒུལ་ཤུགས་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་ཟབ་མོ་བཏང་བ་དང་། མགྱོགས་མྱུར་སྒོས་གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་བཏོན་ཞིང་། ཚན་རྩལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་པ་དང་། ཚན་རྩལ་གྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། རང་རྒྱལ་གྱི་རྨང་གཞིའི་སྔོན་སྐྱོད་ཞིབ་འཇུག་ལ་ཐོད་བརྒལ་གསར་བ་བྱུང་ཞིང་། འཐབ་ཇུས་ཀྱི་ཚན་རྩལ་མཐོ་བའི་ཁྱབ་ཁོངས་ཐད་མཆོང་སྐྱོད་གསར་བ་བྱུང་ཞིང་། གསར་གཏོད་སྒུལ་ཤུགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་ཕན་ནུས་གསར་བ་བླངས་ཤིང་། ཚན་རྩལ་ལམ་ལུགས་བཅོས་སྒྱུར་གྱིས་རྣམ་པ་གསར་བ་བསྐྲུན་ལ། རྒྱལ་སྤྱིའི་སྒོ་འབྱེད་མཉམ་ལས་དེ་འཕེལ་རིམ་གསར་བར་སླེབས་པ་དང་། ཚན་རྩལ་བྱ་བཞག་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ཅེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་ཧྲིལ་བོར་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་གནས་བབ་ཀྱི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། སྐོར་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དེ་འཕེལ་རྒྱས་ཟབ་མོ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་བོའི་སྒྲིག་ལམ་དང་འཕེལ་རྒྱས་ཀྱི་གནས་བབ་བསྐྱར་སྐྲུན་བྱེད་རྒྱུ་རེད། རང་རྒྱལ་གྱི་ཚན་རྩལ་བྱ་བཞག་འཕེལ་རྒྱས་ཐད་ཞན་ཆ་དང་མི་འདང་ས་ཡོད་པས། ངེས་པར་དུ་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། ཚན་རྩལ་འགྲན་རྩོད་དང་མ་འོངས་འཕེལ་རྒྱས་ཀྱི་མཐོ་ས་འཛིན་དགོས་ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གསར་དར་རྒྱལ་ཁབ་ཀྱི་སྒྲིག་ལུགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། རྨང་གཞིའི་ཞིབ་འཇུག་གི་རྩ་འཛུགས་རང་བཞིན་གྱི་ཚད་རིམ་མཐོར་འདེགས་གཏོང་བ། རང་དབང་གིས་འཚོལ་ཞིབ་བྱེད་པར་སྐུལ་མ་བཏང་ནས། ཚན་རྩལ་གསར་གཏོད་ཀྱི་རྩ་བ་དང་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་གསུངས།
བཅོས་སྒྱུར་གཏིང་ཟབ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཉིས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་གཞོགས་འདེགས་བྱེད་པ། ཕྱོགས་ཡོངས་ནས་ཚན་རྩལ་གྱི་ལམ་ལུགས་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་བྱས་ཏེ། གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་གསུངས། རྒྱ་ཆེའི་ཚན་རྩལ་ལས་བྱེད་པ་རྣམས་ཀྱིས་བསྟན་དོན། ངེས་པར་དུ་རང་རྟོགས་སྒོས་རིག་གཞུང་ཞིབ་འཇུག་དེ་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་རླབས་ཆེན་བྱ་བཞག་ཁྲོད་འཇོག་པ་དང་། བློ་རྩ་བརྟན་པོས་མདུན་དུ་སྐྱོད་ཅིང་ཕུལ་བྱུང་བརྩོན་ལེན་བྱས་ཏེ། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་བ་བསྐྲུན་དགོས་ཟེར།
ལྷ་མོ་འཚོས་བསྒྱུར།