ཟླ6པའི་ཚེས25ཉིན་ནས་ཚེས26ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། བཟོ་ལས་ལྗང་མདོག་ཚུལ་སྒྱུར་བྱས་ནས་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བར་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ལ། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཚོགས་ཐོག་ཏུ། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཞའོ་རོང་གིས་སོ་སོར་ཆེད་དོན་བྱ་བའི་སྙན་ཞུ་དང་རྟོག་ཞིབ་གནས་ཚུལ་ཐད་ཀྱི་སྙན་ཞུ་ཕུལ། དབྱང་ཧའོ་ཞང་དང་ཝང་ཆི་ཅི། ཝང་ཁྲོ། ལིའུ་ཧའེ་ཡུན། ལིས་ཆེན། ཀའོ་ཅུའུ། ཏུའུ་ཅིན་ཕེན་བཅས་ཨུ་ཡོན་བདུན་གྱིས་གཏམ་བཤད་པ་དང་། ཚོགས་ཞུགས་མི་སྣས་གྲོས་ཚོགས་ཀྱི་བརྗོད་དོན་ལ་དམིགས་ནས་གྲོས་མོལ་གྲོས་སྡུར་དང་བློ་འདོན་ཇུས་འབུལ་བྱས་ལ། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས། ཚང་མས། ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་སྔར་ལས་ཇེ་ཟབ་ཏུ་གཏོང་བ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། བསྒྲུབ་འོས་པ་སྒྲུབ་པ་དང་བསྒྲུབ་མི་འོས་མི་བསྒྲུབ་པ་རྒྱུན་འཁྱོངས་བྱེད་པ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ནུས་ལྡན་གཅིག་བསྡུས་བྱེད་པ། ས་བབ་དང་བསྟུན་ནས་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་མཐོར་འདེགས་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱས་ནས། ལྗང་མདོག་ཐཱན་ཉུང་སྲོག་ཤིང་དུ་བྱེད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རིགས་གསར་བའི་བཟོ་ལས་ཅན་གྱི་འཕེལ་རྒྱས་ལམ་བུ་རུ་བསྐྱོད་རྒྱུའི་ཚུལ་བསྟན།
གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྲིད་གྲོས་ཀྱི་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གསར་སྤེལ་དང་ལྷད་མེད་རྩིས་ནུས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པ། དམངས་འཚོའི་འགན་སྲུང་དང་ལེགས་བཅོས་སོགས་ལ་རྒྱ་ཆེར་རྟོག་ཞིབ་དང་གྲོས་མོལ་བྱས་ཏེ། སྤུས་ཚད་མཐོ་བ་དང་རིན་ཐང་ལྡན་པ། ཤུགས་རྐྱེན་ཐེབས་པའི་རྟོག་ཞིབ་གྲོས་མོལ་གྲུབ་འབྲས་སྐོར་ཞིག་ཆགས་ཡོད། ཆབ་སྲིད་ཀྱི་མཐོ་ཚད་ནས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་དོན་ལྔ་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་མི་དམངས་ཆབ་སྲིད་བཙུགས་ནས་ལོ་ངོ་དོན་ལྔ་འགོར་བའི་བྱ་འགུལ་ལ་འཆར་འགོད་བྱེད་དགོས་ལ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་སྙིང་དེ་རྟེན་འབྲེལ་ཞུ་བའི་བྱ་འགུལ་གྱི་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་ནས་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོ་འཆད་པ། ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད། ཨུ་ཡོན་གྱིས་ལས་འགན་ལག་བསྟར་བྱས་པའི་གཏམ་རྒྱུད་བཅས་བཟང་བོར་བརྗོད་དགོས་ལ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པའི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མིག་མངས་གཅིག་གི་དགོངས་པ་སྲ་བརྟན་དུ་གཏོང་བ་དང་། ལོ་ཧྲིལ་བོའི་གྲོས་མོལ་སྲིད་གླེང་བྱ་བའི་གཙོ་བོར་གཅིག་འདོམས་བྱེད་པ་དང་། གཞི་རིམ་གྱི་འགན་འཁྲི་ཇེ་ཡང་དུ་གཏོང་བའི་འབྲེལ་ཡོད་རེ་བ་དངོས་འབེབས་བྱེད་པ། ཧུར་ཐག་སྒོས་བྱ་བའི་སྤུས་ནུས་མཐོར་འདེགས་བྱེད་དགོས། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་སྦྱོང་སློབ་གསོའ་གཏིང་ཟབ་ཏུ་སྤེལ་དང་། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གྲུབ་འབྲས་སྤོར་བསྒྱུར་བྱས་ཏེ་སྲིད་གྲོས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་པའི་སྒུལ་ཤུགས་སུ་འགྱུར་བར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ནན་མོ་ལ་བརྟེན་ནས་སྲིད་གྲོས་ཀྱི་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས།
གྲོས་ཚོགས་མ་གྲོལ་གོང་། ཀྲུང་གོའི་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱེ་ཡིས་མཐོ་སྒང་གི་མིའི་ལུས་ཕུང་གི་ཤུགས་རྐྱེན་བཟང་བོ་དང་མཛེས་པའི་མཚོ་སྔོན་ནི་ས་ཁུལ་བཟང་བོ་ཞིག་ཡིན་ཅེས་པའི་ཆེད་དོན་འཆད་ཁྲིད་སྤེལ།
རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཝང་ཞོན། ཝང་ཀྲིན་ཁྲང་། མཱ་ཧྥུན་ཧྲིན། ལིས་ཞའོ་ནན། ཐེན་ཁོས། ལིའུ་ཏཱ་ཡེ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། མཱ་ཡའོ་ཞང་། ཕིན་ཡུག་ཏུང་། ཞའེ་པའོ་ཨིན། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་བཅས་གྲོས་ཚོགས་ལ་ཞུགས།