ཟླ6ཚེས26ཉིན། སྐབས་དང་པོའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་མཚོ་སྔོན་པོའི་ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟ་སྦྱོང་ཚོགས་འདུ་མཚོ་སྔོན་པོའི་མཚོ་འགྲམ་དུ་བསྡུས། ཚོགས་འདུའི་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ། རྒྱལ་ཡོངས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ། ཡུལ་དངོས་ནས་ལྟ་སྦྱོང་དང་བགྲོ་གླེང་། བརྗེ་རེས་བཅས་བྱས་པ་བརྒྱུད། བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་། མཉམ་ཤུགས་གཅིག་སྒྲིལ། “ལྟེ་བ་གཅིག་དང་སྐོར་ལམ་གཅིག་ས་ཁུལ་མང་བ”བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་མགྱོགས་མྱུར་ངང་བསྐྲུན་ནས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད་སྤེལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས།
ཁྲིན་ཀང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མུ་མཐུད་དུ་བསྐྲུན་ཏེ། “མཛེས་སྡུག་གི་སྐྱེ་ཁམས”ཡག་པོར་སྲུང་བ་དང་། “མཛེས་སྡུག་གི་དཔལ་འབྱོར”སྐུལ་སྤེལ་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས། དམངས་འཚོ་འགན་སྲུང་བཅས་གཅིག་གྱུར་དམ་པོ་ཡོང་བར་སྐུལ་འདེད་བཏང་ཡོད། རང་ཞིང་གི་ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་ཀྱིས་ང་ཚོས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་དེ་མདུན་དུ་བསྐྱོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་ཚེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་དང་། ང་ཚོས་སྐྱེ་ཁམས་སྲུང་སྐྱོབ་ཨང་དང་པོར་འཇོག་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཡུལ་སྐོར་ཀྱི་སྤུས་ཚད་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་སྐྱེ་ཁམས་ཀྱི་རིན་ཐང་མངོན་པར་བྱས་ཚེ། སྐྱེ་ཁམས་ཡུལ་སྐོར་བརྟན་བརླིང་དང་འཕེལ་རྒྱས་འབྱུང་ཐུབ་ངེས་ཡིན་པ། ང་ཚོས་སྔོན་ལ་འཆར་འགོད་དང་། སྣེ་ཁྲིད་དམ་འཛིན་བྱས་ཏེ། གོམ་པ་རིམ་བགྲོད་དང་། ཇུས་འགོད་བྱས་རྗེས་བྱ་སྤྱོད་སྤེལ་ཚེ། “ གསེར་རི་དངུལ་རིའི”འཕོ་འགྱུར་ལམ་བུ་རྒྱ་ཇེ་ཆེར་འགྲོ་ཐུབ་ངེས་ཡིན་པ། ང་ཚོས“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་རྒྱུན་འཁྱོངས་བྱས་ཚེ། མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དང་ཆེས་ཆེ་བའི་འགན་འཁྲི། ཆེས་ཆེ་བའི་སྦས་ཤུགས་བཅས་ཁྱད་སྟོབས་ཆེས་ཆེན་པོར་འགྱུར་ཐུབ་ངེས་ཡིན་པ་བཅས་ར་སྤྲོད་བྱས་ཡོད།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བར་དགེ་མཚན་ཆེ་ཤོས་ནི་སྐྱེ་ཁམས་ཀྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན། དཀོན་པའི་རང་བཞིན་དང་ཐ་ན་གཅིག་པུ་དེ་ཡིན་ལ། ཉེན་ཁ་ཆེ་ཤོས་ནི་མིའི་རིགས་ཀྱིས་སྐྱེ་ཁམས་ལ་གཏོར་བརླག་གཏོང་བ་ལས་བྱུང་བ་ཞིག་རེད། སྐྱེ་ཁམས་རྩ་འཛིན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་རྩ་ཆེ་ལ་ཉམས་ཞན་ཡིན་པ་དང་། ཁོར་ཡུག་གི་ཤོང་ཚད་ཆུང་བ། རྨང་གཞིའི་སྒྲིག་བཀོད་ལ་ཆད་ཐོ་ཡོད་པ་མཐོང་སྐབས་ནོར་འཁྲུལ་སྤུ་ཙམ་ཡང་ཤོར་མི་རུང་བར་ངེས་པར་དུ་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་མི་གཏོང་བ་དེ་ང་ཚོས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཚད་མཐའ་དང་གཅུན་སྡོམ་དྲག་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། འཆར་འགོད་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ། སྲིད་སྐྱོང་བྱས་འབྲས་ཐད་ཧོལ་རྒྱུགས་དང་། རྨོངས་ཚོད་ཀྱིས་སྒྲུབ་པ། ཆེར་སྒྲུབ་མྱུར་སྤེལ་བཅས་མི་བྱེད་པ་དང་། བྱས་རྗེས་ཡོད་ན་ང་ལ་མི་དགོས་པ་དང་བྱས་རྗེས་འཇོག་པར་ངེས་པར་ང་རང་ཡོད་པའི་བློ་ཁོག་དང་བློ་རྒྱ་ཆེན་པོས་འཆར་གཞི་ཆེན་པོ་རིས་སུ་འགོད་དགོས། རྨང་གཞི་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་དང་བསྟུན་པ་དང་ཡུལ་བབ་དང་བསྟུན་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ་གལ་ཆེ་མཉམ་དུ་འཛིན་པ། མཛེས་ལྗོངས་ཁུལ་གྱི“དཔང་ཡིག་གསུམ”གྱི་དོ་དམ་དོན་འཁྱོལ་ཡག་པོ་བཅས་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆུང་དུ་གཏོང་དགོས། གཉིས་ཁེ་མང་ཕན་རྒྱུན་འཁྱོངས་བྱས་ཏེ། སྲིད་འཛིན་ལམ་སྲོལ་དང་། ཁྲོམ་རའི་ལམ་སྲོལ། ཁེ་ཕན་ལམ་སྲོལ་བཅས་རང་རྟོགས་རང་མོས་ཀྱི་སྲུང་སྐྱོབ་ལམ་སྲོལ་དུ་འགྱུར་བར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་ལ་ཕན་འབྲས་ཐོབ་པར་བྱས་ཏེ། ཡུལ་སྐོར་བ་དང་། མང་ཚོགས། ཁེ་ལས་སོགས་ཕྱོགས་སོ་སོར་ཕན་འབྲས་མང་པོ་ཐོབ་པར་བྱེད་དགོས། དོ་དམ་ཚད་ལྡན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དོ་དམ་བྱེད་རྒྱུ་དེ་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི“གཅུན་འདོམས་ནན་མོ”དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བའི“མཉེན་ཤུགས”། སྡེ་ཁག་མང་པོས་མཉམ་འགུལ་བྱེད་པའི“མཉམ་ཤུགས་ཆེན་པོ”བཅས་ཀྱི་སྟེང་མངོན་པར་བྱེད་དགོས། དམངས་ཕྱུག་རྩ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། དངོས་པོ་དང་བསམ་བློ། བསམ་ཕྱོགས་བཅས་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་ནི་སྒུག་མི་རུང་བ་དང་བྲེལ་མི་རུང་བའི་བྱ་བ་ཞིག་ཡིན་པས། གསར་སྤེལ་ཆེན་པོ་མི་བྱེད་པ་དང་། སྲུང་སྐྱོབ་ཆེན་པོ་མི་བྱེད་པར། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པ་དེ་དམིགས་འབེན་དུ་བརྩིས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་འདུ་ཤེས་འཕོ་འགྱུར་དང་། གྲུབ་ཚུལ་འཕོ་འགྱུར། ལས་རིགས་འཕོ་འགྱུར་བཅས་བྱེད་པར་བརྟེན་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་རྫས་གསར་སྒྱུར་དང་། ལས་རྣམ་གསར་སྒྱུར། ཐོན་ལས་དར་སྤེལ་བཅས་བྱེད་པར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་དེ་ཞིང་ཆེན་ཡོངས་ཀྱི་སྲོག་ཤིང་ཐོན་ལས་གལ་ཆེན་དུ་འགྱུར་བར་བྱེད་དགོས། མིག་སྔར་ཐོན་ཁུངས་སྣ་ཚོགས་སྡེབ་སྒྲིག་ལ་ཤུགས་སྣོན་དང་། ཞབས་ཞུའི་ཆུ་ཚད་དང་སྤུས་ཚད་མཐོར་འདེགས། ཡུལ་སྐོར་ཁྲོམ་ར་ལེགས་སྒྲིག་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ད་ལོའི་དབྱར་ཁའི་གུང་གསེང་གི་ཡུལ་སྐོར་དམག་འཐབ་དང་པོ་ཡག་པོར་རྒྱག་པ། མངའ་ཁོངས་ཀྱི་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ནུས་པ་མཐོར་འདེགས་ཏན་ཏིག་གཏོང་བ། ཡུལ་སྐོར་བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་བཅས་བྱས་ནས། མཚོ་སྔོན་གྱིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས།
ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཚན་སོ་སོས་ལངས་གནས་སྔར་ལས་མཐོ་བའི་སྟེང་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། བསམ་བློའི་ངོས་འཛིན་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་ལ་འཕྲད་པའི་གནས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་གཅོད་པའི་སྟེང་གཅིག་གྱུར་བྱེད་པ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བའི་དམིགས་འབེན་ལས་འགན་སྟེང་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཡུལ་སྐོར་གྱི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་བསྐྲུན་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས། ཚད་གཞི་སྔར་ལས་མཐོ་བའི་སྟེང་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། སྤུས་རྟགས་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྟོབས་ཤུགས་གཅིག་སྡུད་བྱེད་པ་དང་། རྒྱལ་སྤྱིའི་ཐོག་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་ལྡན་པའི་སྤུས་རྟགས་མ་ལག་འཛུགས་པ། ཁེ་ལས་དེ“ཆེད་ལས་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་ཧེ་བག་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་རིང་དུ་བསྲིངས་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། སྔར་ལས་ལེགས་པའི་ལམ་སྲོལ་ཐོག་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། ཤུགས་ཆེན་པོས་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ། རྡོག་རྩ་གཅིག་སྒྲིལ་གྱི་བསམ་བློ་བརྟན་པོ་འཛུགས་པ། ཡུལ་སྐོར་གྱི་རྣམ་པ་ཆེན་པོ་གྲུབ་པར་སྐུལ་འདེད་གཏོང་བ། སྤྱི་པའི་སྒྲིག་བཀོད་ཀྱི་རིམ་སྤོར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཡུལ་སྐོར་དོ་དམ་སྒྲིག་སྲོལ་གསར་བསྐྲུན་བཅས་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་། ཀྲུའུ་ཞང་ཧྥིན། ལུའི་ཀང་། ཧི་ལིའུ་ཁྲུན། ལིས་ཞའོ་ནན་བཅས་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས། ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། ཟི་ལིང་རིག་གནས་ཡུལ་སྐོར་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ། མཚོ་ནུབ་ཁུལ་དང་མཚོ་ཤར་གྲོང་ཁྱེར། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ། རྨ་ལྷོ་ཁུལ་བཅས་ཀྱིས་ཡིག་ཐོག་བརྗེ་རེས་བྱས།
ཚོགས་འདུ་མ་འཚོགས་གོང་ཚོགས་འདུར་ཞུགས་མཁན་འབྲེལ་ཡོད་བློ་མཐུན་ཚོས་མཚོ་སྔོན་པོའི་ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལག་ལེན་དང་གྲུབ་འབྲས་ལ་ལྟ་སྦྱོང་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།