ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས26ཉིན་པེ་ཅིང་དུ་ཡའོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཡའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་ལ་མཇལ་འཕྲད་གནང་།
ཝང་ཧུའུ་ཉིང་གིས་བསྟན་དོན། ན་ནིང་གི་ཟླ12པར་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་གིས་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཡའོ་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ནས་དུས་རབས་གསར་པའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གནས་བབ་གསར་པ་གཏན་འཁེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་བཞིན་ཡའོ་ནན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡའོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་མཉམ་དུ་ཀྲུང་གོ་དང་ཡའོ་ནན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས།
ཧྥན་མེན་ཀྲིན་གྱིས་བསྟན་དོན། ཡའོ་ནན་དང་ཀྲུང་གོ་རི་ཆུས་སྦྲེལ་ཡོད་ལ། ཡའོ་ནན་དང་ཀྲུང་གོའི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཡའོ་ནན་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་གདམ་ག་ཨང་དང་པོ་དེ་ཡིན། ཡའོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོ་ཕྱོགས་དང་ཏང་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་སྔར་ལས་ཤུགས་སྣོན་རྒྱག་པ་དང་། གཉིས་ཕན་མཉམ་ལས་དམ་ཟབ་བྱས་ཏེ་ཡའོ་ནན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཝང་ཡུང་དང་ཝང་ཏུང་ཧྥིན་སོགས་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།