ཟླ6ཚེས27ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟླ7ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིན་དུ་འཚོགས་རྒྱུ་ཐག་བཅད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《ཀྲུང་གུང་ཀྲུང་དབྱང་གི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཆོད་དོན》གྱི་མ་ཟིན་ནང་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བསམ་འཆར་བསྡུ་ལེན་བྱེད་པའི་སྐོར་གྱི་སྙན་ཞུ་ལ་ཉན་རྗེས། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བྱས་རྗེས་ཡིག་ཆའི་མ་ཟིན་དེ་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་བྱེད་པར་འབུལ་རྒྱུའི་ཐག་བཅད།
གྲོས་ཚོགས་སྟེང་བསྟན་དོན། ཐེངས་འདིར་བསམ་འཆར་བསྡུ་ལེན་བྱེད་སྐབས་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་དང་བློ་བསྡུས་དགེ་འཚོལ་བྱས་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོས་ཆོད་དོན་གྱི་མ་ཟིན་ལ་ཁས་ལེན་གང་ལེགས་བྱས་ ཤིང་། ཆོད་དོན་གྱི་མ་ཟིན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམིགས་ནས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་ཡོད། དེ་ནི་སྐྱོད་ལམ་གསར་པའི་སྟེང་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་ཞིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་གང་ལེགས་སྒོས་མཚོན་པ་དང་། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་རྒྱ་ཆེན་པོ་གསར་གཏོད་བྱེད་པའི་ཆོད་སེམས་བརྟན་པོ་བཅས་ལ་ངོས་འཛིན་བྱས་ཡོད།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། 2035ལོར་སླེབས་སྐབས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བཅས་བྱས་ཏེ། དུས་རབས་འདིའི་དུས་དཀྱིལ་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་པར་རྨང་གཞི་བརྟན་པོ་འདིང་དགོས།
གྲོས་ཚོགས་སྟེང་བསྟན་དོན། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་དུས་རབས་གསར་པར་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་ཉམས་མྱོང་རྩ་ཆེན་ལ་ཕྱོགས་བསྡོམས་དང་བེད་སྤྱོད་བྱས་ནས། གཤམ་གྱི་རྩ་དོན་ལག་བསྟར་བྱེད་དགོས་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་ཕྱོགས་གང་ཅིའི་ཐད་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པ། ཏང་གི་འགོ་ཁྲིད་དེ་བཅོས་སྒྱུར་ཀྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་པ་བཅས་བྱས་ཏེ། བཅོས་སྒྱུར་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དེད་དེ་མདུན་དུ་བསྐྱོད་པར་འགན་ལེན་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཀྱི་གོ་གནས་གཙོ་བོ་དང་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ་དང་། མི་དམངས་ལ་རེ་འདོད་ཅི་ཞིག་ཡོད་ན་བཅོས་སྒྱུར་གྱིས་དེ་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་ཆེད་དུ་བཅོས་སྒྱུར་དང་། མི་དམངས་ལ་བརྟེན་ནས་བཅོས་སྒྱུར། བཅོས་སྒྱུར་གྱི་གྲུབ་འབྲས་མི་དམངས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་བཅས་བྱེད་དགོས་པ། བདེན་སྲུང་གསར་སྐྲུན་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་རྗེས་སུ་དམ་པོར་འབྲང་བ་དང་། ལག་ལེན་དངོས་ཀྱི་འཕེལ་རྒྱས་དང་བསྟུན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་པ་བཅས་བྱས་ནས། འགོ་ཚུགས་ས་གསར་པའི་སྟེང་རིགས་པའི་གཞུང་ལུགས་གསར་སྐྲུན་དང་། ལག་ལེན་གསར་སྐྲུན། ལམ་ལུགས་གསར་སྐྲུན། རིག་གནས་གསར་སྐྲུན་བཅས་དང་དེ་མིན་ཕྱོགས་གཞན་དག་ཁག་གི་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལམ་ལུགས་འཛུགས་སྐྲུན་གཙོ་རྐང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྩེ་རིམ་ཇུས་འགོད་དང་སྤྱིའི་འཆར་འགོད་ལ་ཤུགས་སྣོན་བྱེད་པ་དང་། གཏོར་འཛུགས་མཉམ་བསྟར་དང་། སྔོན་འཛུགས་རྗེས་གཏོར་བྱས་ནས། རྩ་བའི་ལམ་ལུགས་སྲ་བརྟན་དུ་གཏོང་བ་དང་གཞི་རྩའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་ལུགས་གལ་ཆེན་གསར་སྐྲུན་བྱེད་དགོས་པ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་བགྲོད་ལམ་ཐོག་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། བཅོས་སྒྱུར་དང་ཁྲིམས་སྐྱོང་གཅིག་གྱུར་ཡོང་བ་དང་། བཅོས་སྒྱུར་གལ་ཆེན་ལ་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ། དུས་ཐོག་ཏུ་བཅོས་སྒྱུར་གྱི་གྲུབ་འབྲས་དེ་བཅའ་ཁྲིམས་ལམ་ལུགས་སུ་འགྱུར་བ་བཅས་བྱེད་དགོས། རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་དང་། སྲིད་གཞུང་དང་ཁྲོམ་ར། ལས་ཆོད་དང་དྲང་གཞག གསོན་ཤུགས་དང་སྒྲིག་ལམ། འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་འབྲེལ་བ་གལ་ཆེན་ཐག་གཅོད་ཡག་པོ་བྱས་ནས། བཅོས་སྒྱུར་གྱི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་ནི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཁག་ཐེག་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་པའི་ཚད་མཐོན་པོའི་རང་རྟོགས་སྲུང་འཛིན། བཅོས་སྒྱུར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་འཁྱོངས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཅོས་སྒྱུར་དོན་འཁྱོལ་དམ་འཛིན་ལེགས་པོ་བཅས་བྱས་ཏེ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འཐབ་ཇུས་བཀོད་སྒྲིག་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་བསྒྱུར་དགོས།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།